༢༠༡༤ ཟླ་ ༩ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༠ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་ནང་བསྟན་སྲི་ཞུ་ཁང་དབུ་བརྙེས་ཏེ་ལོ་གསུམ་འཁོར་བའི་མཛད་སྒོ་ཚོགས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གཙོས་ཤེས་ཡོན་པ་དང་། སྲི་ཞུ་ཁང་གི་ལས་བྱེད་བཅས་ཁྱོན་མི་གྲངས་ ༩༠ བརྒལ་བ་ལྷན་འཛོམས་བྱུང་བའི་དབུས་སུ་སྐུ་མགྲོན་རྣམ་པ་གསུམ་གྱིས་ནང་བསྟན་སྲི་ཞུ་ཁང་ནས་བཏོན་པའི་དཔེ་དེབ་༼སློབ་ཁྲིད་ཐབས་ལམ་ལག་དེབ་དང་ཁྲིད་ཆས།༽༼ཡིག་རྨོངས་སེལ་བའི་ཐབས་ལམ༽། ནང་བསྟན་སྲི་ཞུ་ཁང་གི་སྡེ་ཚན་གསར་པ་༼དགེ་རྒན་འོས་སྦྱོང་འཛིན་གྲྭ་༽དང་༼སྒྲ་སྒྱུར་སློབ་གླིང་༽།༼ཕ་སྐད་གཙང་མའི་ཇ་ཁང་༽རྣམས་དབུ་འབྱེད་དང་འབྲེལ། སྲི་ཞུ་ཁང་ནས་དགེ་རྒན་འོས་སྦྱོང་སློབ་མཐར་ཕྱིན་པའི་སློབ་ཕྲུག་རྣམས་ལ་ལག་འཁྱེར་གནང་། དེ་ནས་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ལགས་ཀྱིས་ངོ་སྤྲོད་གནང་དོན། དེ་རིང་ནང་བསྟན་སྲི་ཞུ་ཁང་བཙུགས་ནས་ལོ་གསུམ་འཁོར་བའི་དུས་དྲན་ཞིག་ཆགས་ཡོད། ང་ཚོས་དུས་དྲན་དང་བསྟུན་ཏེ་ཕ་སྐད་གཙང་མའི་ཇ་ཁང་ཞིག་དབུ་འབྱེད་བྱས་ཏེ། ཇ་ཁང་ནང་ཇ་འཐུང་ན་རིན་མེད་ཡིན་ཡང་བོད་སྐད་མ་ཡིན་པའི་ཚིག་གཅིག་ཤོར་ན་ཇ་རིན་སྤྲོད་དགོས་ཀྱི་ཡོད། དེ་ནི་རྡ་སའི་སྤྱི་ཚོགས་ནང་སོ་སོས་ཕ་སྐད་ཐོག་བསམ་བློ་གཏོང་ཐུབ་པར་དམིགས་པ་ཡིན། ཞེས་སོགས་ཀྱི་ངོ་སྤྲོད་གནང་།
དེ་རྗེས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཁ་སྐད་སློབ་གསོ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། སྤྱིར་བཏང་ཁ་སྐད་ཀྱི་བརྗོད་གཞི་རིག་གནས་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། ངས་སོ་སོའི་ཤེས་ཚད་ཐོག་ནས་ཞུ་ཐུབ་ཀྱི་མི་འདུག འོན་ཀྱང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་རིག་གནས་ལ་དོ་སྣང་ཡོད་མཁན་ཚོར་བགྲོ་གླེང་ཡོང་གི་ཡོད། བོད་ནང་དུའང་དེའི་སྐོར་བགྲོ་གླེང་ཤུགས་ཆེན་པོ་འགྲོ་བཞིན་འདུག སྤྱིར་ཁ་སྐད་བརྗོད་སྐབས། བརྡ་སྤྲོད་ཀྱི་གཞུང་དང་མ་མཐུན་པའི་རིགས་ལ་ཁ་སྐད་ཟེར་གྱི་མེད་དམ་བསམ་གྱི་ཡོད། ང་ཚོར་ཁ་སྐད་དང་ཕ་སྐད། སྤྱི་སྐད་ཟེར་བ་མང་པོ་ཞིག་ཡོད་པར་བརྟེན། ཁ་སྐད་དབྱིན་ཡིག་ནང་ (Colloquial) ཟེར་བ་ཕལ་སྐད་ལྟ་བུ་ཞིག་མིན་ནམ་བསམ་པའི་ཐོག་ནས་ཞུས་ན། ཁ་སྐད་འདི་ང་ཚོའི་རྒྱུན་སྤྱོད་ཞིག་ཆགས་ཡོད། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སློབ་གསོའི་ནང་ཡིག་སྐད་ཐོག་ལ་ཤུགས་ཆེ་ཤོས་རྩི་གི་ཡོད། ཁ་སྐད་ནི་བོད་ཆོལ་ཁ་གསུམ་ནང་གི་བོད་མིས་བེད་སྤྱོད་གཏོང་གི་ཡོད།
འོན་ཀྱང་ཁ་སྐད་རང་གི་ཐོག་བཤད་ན། ལུང་ཚན་མ་འདྲ་བ་རེར་ཡུལ་སྐད་རེ་ཡོད་པར་བརྟེན་གཅིག་གྱུར་ཡོང་རྒྱུ་དཀའ་ལས་ཁག་པོ་རེད། ད་ལྟ་གཞུང་འབྲེལ་གྱི་ལངས་ཕྱོགས་ནང་ཡིག་སྐད་རང་ཡིན་དགོས་པ་ཐ་སྙད་གསར་པ་ག་ཚོད་ཡོད་ནའང་། གང་ལྟར་ང་ཚོའི་སྐད་ཐོག་ནས་རྒྱུན་ལྡན་གྱི་ལས་ཀ་བྱེད་ཐུབ་དགོས་ཀྱི་ཡོད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་དང་འབྲེལ་བའི་བཀའ་སློབ་སྩོལ་སྐབས། སློབ་མ་ཚོར་སྟབས་བསྟུན་གྱིས་དབྱིན་ཡིག་བེད་སྤྱོད་མཛད་པ་མ་གཏོགས་བོད་སྐད་རང་ཐོག་ནས་དུས་ཡུན་རིང་པོ་བཀའ་སློབ་སྩལ་གྱི་ཡོད། སློབ་གྲྭའི་ནང་སློབ་ཕྲུག་ཚོས་དེ་ལྟར་བཤད་ཐུབ་ཀྱི་མེད་པ་དེ་བོད་རང་གི་སྐད་ཡིག་གིས་ཕོངས་པ་མིན་པར། ང་ཚོའི་ཤེས་ཚད་ཀྱིས་ཕོངས་པ་རེད་བསམ་གྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བསྒྱུར་གྱི་དཀའ་གནད་སྐོར་དང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཕ་སྐད་གཙང་མ་དར་སྤེལ་ཇི་ལྟར་བྱེད་པའི་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང། མཐར་འགན་འཛིན་ངག་དབང་འཕྲིན་ལས་ལགས་ཀྱིས་བཀའ་བསྟན་དཔེ་བསྡུར་ལས་རིམ་དང་འབྲེལ་བའི་སྐོར་ལ་གསལ་བཤད་གནང་ཡོད་འདུག