༢༠༡༤ ཟླ་ ༩ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་བྱང་ཨ་རི་དང་ཁེ་ན་ཌའི་ནང་དབུ་མའི་ལམ་གྱི་ལས་འགུལ་སྐོར་གོ་རྟོགས་སྤེལ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་དང་བསྟུན། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་མི་ནི་སོ་ཊ་མངའ་སྡེའི་ནང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་མཛད་སྒོའི་དམིགས་བསལ་སྐུ་མགྲོན་ཐོག་མཉམ་ཞུགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད། དེ་ཡང་སྐབས་དེར་བཀའ་བློན་མཆོག་གིས་དབུ་མའི་ལམ་གྱི་སྐོར་དང་དང་བླངས་དཔྱ་དངུལ་ལག་དེབ། དེ་བཞིན་དོལ་རྒྱལ་སྐོར་གྱི་གནད་དོན་ཐོག་གསུང་བཤད་གནང་བ་མ་ཟད། ཕ་མ་ཚོས་གཞོན་སྐྱེས་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མི་རྣམས་ལ་བཀའ་དྲིན་ཇི་ཙམ་ཆེ་ཚུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྤེལ་ཕྱོགས་སྐོར་ལ་འགྲེམ་བཤད་རྒྱག་དགོས་སྐོར་སོགས་གསུངས་ཡོད། དེ་རྗེས་ཚོགས་བཅར་བ་རྣམས་ཀྱི་དྲི་བར་ལན་འདེབས་དང་གསལ་བཤད་ཀྱང་གནང་འདུག
དཔལ་འབྱོར་བཀའ་བློན་མཆོག་གིས་ཕྱི་ཟླ་ ༨ ཚེས་ ༢༤ ནས་ཕྱི་ཟླ་ ༩ ཚེས་ ༧ བར་བྱང་ཨ་རི་དང་ཁེ་ན་ཌའི་ཁུལ་དུ་དབུ་མའི་ལམ་གྱི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་གནང་རྒྱུ་ཡིན་འདུག
གཞན་ཡང་དཔལ་འབྱོར་བཀའ་བློན་མཆོག་གིས་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་བྱང་ཨ་རིའི་བོད་རིགས་མཐུན་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༡༣ དབུ་འབྱེད་མཛད་སྒོར་ཕེབས་ཏེ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་སྐོར་དང་། བྱང་ཨ་རིའི་བོད་མི་ཚོར་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་སོགས་ཀྱི་སྐོར་ལ་གསལ་བཤད་དང་དྲི་བ་རྣམས་ལ་ལན་འདེབས་གནང་འདུག ཐེངས་འདིར་བཀའ་བློན་མཆོག་དང་ལྷན་ཨ་རིའི་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ངག་དབང་ཡོན་ཏན་ལགས་ཀྱང་ཕེབས་འདུག