༢༠༡༤ ཟླ་ ༩ ཚེས་ ༡༣ རེས་གཟའ་སྤེན་པ།
༄༅། །གསར་དུ་འོས་འདེམས་གནང་བའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནི་ཕྱི་ལོ་ ༡༩༥༧ ཟླ་ ༡༡ ཚེས་ ༡༥ ཉིན་སྟོད་མངའ་རིས་རོང་ཆུང་སྲིབ་སྐྱིད་ཁྱིམ་འོག་མའི་གྲོང་ཁྱིམ་དུ་ཕ་ཚེ་བརྟན་ དོན་གྲུབ་ལགས་དང་མ་བསོད་ནམས་མཚོ་མོ་གཉིས་ཀྱི་བུར་འཁྲུངས། ཕྱི་ལོ་ ༡༩༥༩ ལོར་ཕ་མ་སྤུན་མཆེད་དང་ལྷན་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༦༥ ལོར་སིམ་ལ་གཏན་སློབ་ཏུ་འཛུལ་ཞུགས་ཀྱིས་འཛིན་གྲྭ་དྲུག་པ་བར་སློབ་སྦྱོང་གནང་ རྗེས་རིམ་བཞིན་མོན་གྷོ་གཞིས་ཆགས་སློབ་གྲྭར་འཛིན་གྲྭ་དགུ་པ་བར་དང་། དེ་ནས་མ་སུ་རི་གཏན་སློབ་ཏུ་འཛིན་གྲྭ་བཅུ་པ་ཐོན། ཕྱི་ལོ་ ༡༩༧༦ ལོར་རྡོར་གླིང་གཏན་སློབ་ནས་འཛིན་གྲྭ་བཅུ་གཅིག་ཐོན་རྗེས།
ཕྱི་ལོ་ ༡༩༧༦ ནས་ ༡༩༧༩ བར་རྩིས་རིག་ཐོག་མཐོ་སློབ་ཏུ་ཕྱིན་ཏེ་མཐར་སོན་བྱུང་བ་དང་བོད་གཞུང་ལས་བྱེད་ གསར་འདེམས་ཀྱི་ཡིག་རྒྱུགས་ནང་ཞུགས་ཏེ། ལས་བྱེད་དུ་འདེམས་ཐོན་གྱི་ཕྱི་ལོ་ ༡༩༨༠ ཟླ་ ༥ ཚེས་ ༡༥ ནས་བཟུང་ཕྱི་ལོ་ ༡༩༨༡ ཟླ་ ༦ པ་བར་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཀྱི་གཞོན་དྲུང་ལས་འཁུར་ཞུས། ཕྱི་ལོ་ ༡༩༨༡ ཟླ་ ༧ ནས་ཕྱི་ལོ་ ༡༩༨༤ ཟླ་ ༡༠ བར་སྦེང་ལོར་ (K.V.Hariharan & Co. Chartered Accountants) ཆེས་མཐོའི་རྩིས་ཞིབ་པའི་ཉམས་གསོག་སྦྱོང་བརྡར་ (Articleship) གནང་། ཕྱི་ལོ་ ༡༩༨༤ ཟླ་ ༡༡ ཚེས་ ༡ ནས་རྩིས་ཞིབ་ལས་ཁུངས་ཀྱི་རྒན་དྲུང་དང་། དྲུང་གཞོན། ཟུང་དྲུང་། དྲུང་འཕར། དྲུང་ཆེ་བཅས་ལ་རིམ་བཞིན་གནས་སྤར་དང་།
ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༡༥ ནས་རྩིས་ཞིབ་ལས་ཁུངས་ཀྱི་དྲུང་ཆེའི་འགན་འཁུར་ཞུས། ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༡ ནས་ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༣༡ བར་ (Fullbright) སློབ་ཡོན་ཐོག་ཨ་རིའི་རོ་ཅི་སི་ཊར་ (Rochester Institute of Technology) མཐོ་སློབ་ནང་རྩིས་དང་དཔལ་འབྱོར་རིག་པའི་སྐོར་སློབ་སྦྱོང་གནང་། ཕྱི་ལོ་ ༢༠༠༢ ཟླ་ ༡༠ ཚེས་ ༡ ནས་ ༢༠༠༤ ཟླ་ ༩ ཚེས་ ༣ བར་དུས་བཀག་ནང་ཨ་རི་ནས་ཕྱིར་ལོག་གནང་སྟེ་། མུ་མཐུད་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེའི་འགན་འཁུར་ཞུས། ཕྱི་ལོ་ ༢༠༠༤ ཟླ་ ༩ ཚེས་ ༤ ནས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༣ བར་འཆར་ཕུལ་ཕྱག་རྟགས་དགོངས་དོན་རྩིས་ཞིབ་སྤྱི་ཁྱབ་པའི་ལས་འཁུར་ཞུས་འདུག