༢༠༡༤ ཟླ་ ༩ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༥ རེས་གཟའ་ཟླ་བའི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་ནང་ཆོས་ལུགས་འདྲ་མིན་ལྷན་ཚོགས། A Meeting of Diverse Spiritual Traditions in India ཞེས་པའི་བརྗོད་གཞིའི་ཐོག་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་འདི་ཟླའི་ཕྱི་ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཧེ་ཡ་རི་ཇོན་སིན་ཞེས་པའི་གསོལ་མགྲོན་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཆེད་དུ་མགྲོན་འབོད་གནང་བའི་རྒྱ་གར་རྒྱལ་ཡོངས་མངའ་སྡེ་འདྲ་མིན་ ༢༤ ལྷག་གི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཁག་དང་མཁས་པའི་མི་སྣ་སོགས་ཀྱིས་ལྷན་ཚོགས་གནང་འཆར་ཡོད་འདུག
སྤྱིར་རྒྱ་གར་འཕགས་པའི་ཡུལ་ནི་འཛམ་གླིང་ནང་ཆེད་ཕུལ་དུ་བྱུང་བའི་སྤྱི་ཚོགས་དཔལ་ཡོན་གྱི་འབྱུང་ཁུངས་ཤིག་དང་། ལྟ་གྲུབ་ཐོག་ནས་བརྗོད་ན། རྒྱ་གར་འཕགས་པའི་ཡུལ་དུ་གྲངས་ཅན་པ་ Sankhya དང་བྱེ་བྲག་པ། Vaishasika རིག་པ་ཅན་པ་ Nyaya བཅས་དུས་སྔ་མོ་ནས་དར་བ་དང་། ཕྱིས་སུ་དཔྱོད་པ་བ་ Mimamsaནང་པ་སངས་རྒྱས་པ། Bodh གཅེར་བུ་བ། Jain རྒྱང་འཕེན་པ་ Charvaka སོགས་བྱུང་ནས་ཕྱི་ནང་གི་གྲུབ་མཐའ་ཕན་ཚུན་རྩོད་པ་རྒྱ་ཆེན་པོ་གནང་བར་བརྟེན། གྲུབ་མཐའ་སོ་སོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་འབེབས་ཚུལ་ཐོག་ཡར་རྒྱས་ཚད་མཐོན་པོར་སོན་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་དེང་སྐབས་འཛམ་གླིང་ནང་ཆོས་ལུགས་གྲགས་ཅན་རིག་བྱེད་པ་དང་། Vedic དབང་ཕྱུག་པ། Shaiva ཁྱབ་འཇུག་པ། Vaishnava རྒྱལ་བ་པ། Jain ནང་པ་སངས་རྒྱས་པ། Buddhist སོགས་དང་། གཞན་ཡང་ཀ་བྷིར་ Kabir དང་སིཀ་ Sikh ཆོས་ལུགས་སོགས་རྒྱ་གར་ནང་བྱུང་བ་མ་ཟད། ཡི་ཤུ་དང་ཁ་ཆེ། ཛོ་ར་ཛུ་དིན། ཇིའུ། བྷ་ཧའི་སོགས་ཕྱི་ནས་རིམ་བཞིན་རྒྱ་གར་ནང་དར་འཕེལ་གང་ལེགས་བྱུང་ཡོད།
དེར་བརྟེན་རྒྱ་གར་འཕགས་ཡུལ་འདི་ནི་ལོ་ངོ་སྟོང་གི་རིང་ཆོས་ལུགས་འདྲ་མིན་ཕན་ཚུན་གུས་བརྩི་དང་འཆམ་མཐུན་ངང་འཚོ་གནས་བྱེད་ཐུབ་པའི་མིག་དཔེ་ངོ་མ་ཞིག་ཏུ་གྱུར་ཡོད། མི་ལོ་ལྔ་བཅུ་ལྷག་གི་གོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་མཁས་དབང་། ལས་འགུལ་བ་སོགས་དང་ཡང་སེ་མཇལ་འཕྲད་ཐོག་བགྲོ་གླེང་ཐེངས་མང་མཛད་པའི་ཐུགས་ཀྱི་མྱོང་བ་ཧ་ཅང་ཡོད་པ་དེ་དག་ལས་ཐུགས་སྐྱེད་བཞེས་ཏེ། ཐེངས་འདིར་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་གོ་སྒྲིག་མཛད་རྒྱུའི་དགོངས་བཞེས་མཛད་ཡོད། དེར་བརྟེན་ལྷན་ཚོགས་འདིའི་དགོས་དམིགས་ནི་ཆོས་ལུགས་དབུ་ཁྲིད་རྣམ་པས་དེང་སྐབས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་ཐབས་ཀྱི་ཐབས་ལམ་འཚོལ་སྒྲུབ་ཐོག་བཟང་སྤྱོད་གོང་མཐོར་མཛད་རྒྱུ་ཡིན་འདུག དེ་ཡང་ལྷན་ཚོགས་སྐབས་གོ་བསྡུར་གནང་རྒྱུའི་བརྗོད་གཞི་རྣམས་ནི།
མང་ཚོགས་ཁྲོད་གཞི་རྩའི་འགྲོ་བ་མིའི་རིན་ཐང་བྱམས་པ་དང་། བརྩེ་བ། བཟོད་བསྲན། རང་ཁྲིམས་སྲུང་རྒྱུ་སོགས་ཀྱི་སྐོར་གོ་རྟོགས་སྤེལ་རྒྱུ་དང་། དེང་སྐབས་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པའི་འཛམ་གླིང་གི་དངོས་ཡོད་གནས་སྟངས་འོག་དཀའ་ངལ་རྣམས་འཚེ་བའི་ལམ་ནས་མིན་པར་གྲོས་མོལ་གྱི་ལམ་ནས་སེལ་དགོས་ཧ་ཅང་གལ་ཆེ་ཡིན་སྐོར་གོ་རྟོགས་སྤེལ་རྒྱུ།
དབུལ་ཕྱུག་དབར་གྱི་ཁྱད་པར་ལ་བརྟེན་ནས་འཚེ་བ་དང་དྲང་བདེན་མིན་པའི་དཀའ་ངལ་འཕྲད་བཞིན་པར་བརྟེན་དབུལ་ཕྱུག་གི་ཁྱད་པར་མེད་པ་བཟོ་རྒྱུ་སོགས་ཡིན་འདུག