༢༠༡༤ ཟླ་ ༨ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇར་མན་ (Germany) གྱི་གྲོང་ཁྱེར་ཧམ་བྷག་ (Hamburg) ནང་རྟེན་གཞི་བྱས་པའི་བྱང་ཆུབ་ཆོས་གླིང་ཆོས་ཚོགས་ཀྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་ཟབ་མོ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༣ ཉིན་མགོན་པོ་གང་ཉིད་མཆོག་ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས་དང་སྟབས་བསྟུན་ཕྱི་ཚེས་ ༢༦ ཉིན་ ༼བོད་རྒྱའི་དབར་ཞི་མཐུན་གྱི་གཞི་རྩའི་ཤེས་རྟོགས་༽ ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་འཚོགས་གཏན་འཁེལ་འདུག
གནད་དོན་དེའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་བརྒྱུད་ལམ་ཁག་གཅིག་ནང་འགྲེལ་བརྗོད་གནང་དོན། སྤྱིར་བཏང་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་དུས་ཡུན་རིང་པོ་ཞིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་དང་རྒྱ་རིགས་ཕན་ཚུན་དབར་འབྲེལ་ལམ་གང་མང་བྱེད་ཐབས་ལ་འབད་བརྩོན་བྱེད་དགོས་སྐོར་བཀའ་སློབ་ཕེབས་དང་ཕེབས་མུས་གཞིར་བཟུང་འདས་པའི་ལོ་མང་པོ་ཞིག་གི་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཐོག་ནས་ཡིན་རུང་རྒྱ་རིགས་འབྲེལ་མཐུད་པ་བསྐོ་གཞག་གནང་ཡོད། རྒྱ་རིགས་ཤེས་ཡོན་ཅན་གྱིས་གཙོས་སློབ་ཕྲུག་དང་ཚོང་པ་སོགས་ལ་འབྲེལ་བ་བྱེད་རྒྱུར་དམིགས་བསལ་འབད་བརྩོན་ཤུགས་ཆེ་གནང་གི་ཡོད།
དེར་བརྟེན་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་ནང་ཆིབས་སྒྱུར་བསྐྱངས་སྐབས། རྒྱ་རིགས་མང་དག་ཅིག་མཇལ་བཅར་དུ་ཕེབས་ཀྱི་ཡོད་པའི་གོ་སྐབས་བཟུང་སྟེ། བོད་རྒྱའི་བར་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་པ་ཞིག་ཆགས་ཀྱི་ཡོད། སྤྱིར་བཏང་བོད་རྒྱའི་དབར་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འོན་ཀྱང་ང་ཚོའི་ཆབ་སྲིད་ཀྱི་དགོས་མཁོ་དང་མཐུན་པའི་འབྲེལ་ལམ་ཞིག་ཡོང་གི་ཡོད་དམ། ཞེ་ན་དེ་ཙམ་ཡོང་གི་མེད། བོད་རྒྱའི་དབར་འབྲེལ་ལམ་བྱེད་དགོས་དོན་གཙོ་བོ་ནི། རྒྱ་རིགས་མང་དག་ཅིག་གིས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་མི་ཐུབ་པའི་དབང་གིས་རང་བཞིན་དཀའ་ངལ་ཞིག་འཕྲད་ཀྱི་ཡོད།
དེར་བརྟེན་བོད་རིགས་དང་རྒྱ་རིགས་འདུ་འཛོམས་ཀྱི་གོ་སྐབས་གང་མང་བསྐྲུན་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་འགྲེལ་བཤད་རྒྱག་རྒྱུས་མཚོན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱའི་དཀའ་རྙོག་སེལ་ཆེད་ལང་ཕྱོགས་གང་འདྲ་ཞིག་འཛིན་བཞིན་ཡོད་པ་རྣམས་ཤེས་རྟོགས་ཐུབ་པ་བཟོ་རྒྱུར་དགེ་མཚན་ཆེན་པོ་ཡོད། ངའི་བསམ་པར་བོད་རྒྱའི་དབར་ལྷན་ཚོགས་སྐོང་ཚོགས་བྱ་རྒྱུ་དུས་ད་ལྟ་ཡིན་རུང་ཉུང་སྐྱོན་མ་གཏོགས་མང་སྐྱོན་མེད། དཔེར་ན། བོད་རྒྱའི་དབར་ལྷན་ཚོགས་ཆེ་བ་ཞིག་ཕྱི་ལོ་ ༢༠༠༩ ལོར་ཡུ་རོབ་ནང་ཚོགས་ཡོད། མདོར་ན། བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་འདྲ་མིན་ཞིག་ཡོད་སྟབས། ང་ཚོས་ཀྱང་རིམ་པ་སྣ་ཚོགས་ཤིག་བརྒྱུད་ནས་དཀའ་རྙོག་སེལ་རྒྱུར་ཤུགས་སྣོན་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་སོགས་འགྲེལ་བརྗོད་གནང་འདུག