༢༠༡༤ ཟླ་ ༨ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༦ ཉིན་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབ་ཐབས་དང་། ༢༠༡༣ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྐོང་ཚོགས་བོད་བརྒྱུད་ནང་བསྟན་བཤད་སྒྲུབ་བསྟན་པ་གོང་འཕེལ་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱ་རྒྱུར་དམིགས་ཏེ། དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ཟུང་འབྲེལ་ཐོག་ཆོས་བརྒྱུད་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་གི་དབུ་མའི་བསླབ་པ་ཟིན་པའམ་ཉུང་མཐར་ལོ་བཅུ་ལྷག་སློབ་གཉེར་གནང་མྱོང་མཁན་གྲྭ་བཙུན་ ༢༥ ཙམ་ལ་སྦིར་དཔལ་སྤུངས་ཤེས་རབ་གླིང་དུ་དེང་དུས་ཚན་རིག་གི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད།
ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་དེ་ཕྱི་ཚེས་ ༡༦ ཉིན་ཆུ་ཚོད་ ༡༠་༣༠ ཙམ་དུ་དཔལ་སྤུངས་སློབ་གླིང་གི་མཆོད་ཁང་དུ་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཚོགས་ཡོད་ཅིང་། སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་དང་ཤེས་རབ་གླིང་གི་ཆོག་གྲྭ་ནས་ཤིས་བརྗོད་དང་བདེན་ཚིག་སྨོན་ལམ་བཅས་གསུང་འདོན་གནང་བ་མ་ཟད། རིན་པོ་ཆེ་མཆོག་ནས་ཐེངས་འདིར་དཔལ་སྤུངས་ཤེས་རབ་གླིང་དུ་ཟབ་སྦྱོང་སྐོང་ཚོགས་གནང་བར་མཐུན་འགྱུར་གནང་བ་དེ་དག་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བསྒྲུབ་རྒྱུའི་ཞབས་འདེགས་ཡིན་ཚུལ་སོགས་གསུང་བཤད་ཀྱང་གནང་། དེ་བཞིན་ཆོས་རིག་དྲུང་ཆེ་རྒྱལ་གླིང་དོན་གྲུབ་རྡོ་རྗེ་ལགས་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་ནས་ཀྱང་དབུ་འབྱེད་ཐོག་ཟབ་སྦྱོང་སྐོང་ཚོགས་གནང་བའི་དམིགས་ཡུལ་དང་དགོས་པ་སོགས་ཀྱི་གསུང་བཤད་གནང་། མཐར་སྐུ་མགྲོན་གཙོ་བོ་ལྷན་རྒྱས་སྐུ་པར་བསྒྲོན་ཏེ་དབུ་འབྱེད་མཛད་སྒོ་གྲོལ་རྗེས་ཉིན་རྒྱབ་ནས་འཛིན་གྲྭ་ཚོགས་འགོ་བརྩམས། ཟབ་སྦྱོང་འདིར་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་དགོན་སྡེ་ ༢༣ ནས་བཙུན་པ་ ༡༩ དང་བཙུན་མ་ ༦ མཉམ་ཞུགས་གནང་ཡོད་ལ། སློབ་ཚན་ཁྲོད་དངོས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། དབང་རྩའི་ཚན་རིག་དང་ཨང་རྩིས་བཅས་ངོ་སྤྲོད་གནང་རྒྱུའི་ལས་རིམ་བསྒྲིགས་ཡོད། ཕྱི་ཚེས་ ༡༨ ཉིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ནང་ཆོས་དང་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག དེ་ལྟར་ཟབ་སྦྱོང་དེ་ཕྱི་ཚེས་ ༣༠ ཉིན་མཇུག་བསྒྲིལ་གནང་གི་ཡོད། གཞན་ཡང་ཚན་རིག་ལས་གཞིའི་ཁོངས་ཆོས་རིག་ལས་ཁུངས་ནས་རྒྱུན་གཏན་ཚན་རིག་འཛིན་གྲྭ་འཛུགས་མཁན་ཆོས་སྡེ་ཁག་གཅིག་གི་ཚན་རིག་དགེ་རྒན་ལ་གསོལ་ཕོགས་ཀྱང་གནང་གི་ཡོད་འདུག