༢༠༡༤ ཟླ་ ༧ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༨ ནས་ ༩ བར་ཉིན་གྲངས་གཉིས་རིང་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༨ ཉིན་སྲིད་སྐྱོང་མཆོག་ས་གནས་བོད་མིའི་སློབ་གྲྭར་ཆེད་ཕེབས་གནང་སྟེ། སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་བཀའ་ཤག་སྐབས་ ༡༤ ངོས་ནས་ཤེས་ཡོན་གལ་གནད་ཆེ་ཤོས་སུ་རྩི་བཞིན་ཡོད་པའི་སྲིད་བྱུས་སྐོར་གསུངས་པ་དང་སྦྲགས། བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་འཛིན་རིམ་བཅུ་གཉིས་ཐོན་རྗེས་རང་རང་གི་འདོད་མོས་ལྟར་མུ་མཐུད་སློབ་སྦྱོང་མཇུག་སྐྱོང་ཡོང་སླད་བོད་མིའི་སྒྲིག་འཛུགས་ཀྱི་སློབ་ཡོན་ལས་གཞིའི་ཐོག་ལེགས་བཅོས་གནང་བར་བརྟེན། སློབ་ཕྲུག་རྣམས་ནས་སློབ་སྦྱོང་ཐོག་སྔར་ལྷག་དོ་སྣང་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་།
ལྷག་པར་སྲིད་སྐྱོང་མཆོག་གིས་མང་ཚོགས་རྣམས་ལ་གསུང་བཤད་གནང་དོན། བོད་མི་མི་རབས་རྒན་པ་རྣམས་ནས་བོད་མིའི་གཞིས་ཆགས་ཁག་འཚོ་གནས་ཐུབ་ཐབས་དང་། བོད་མིའི་ལས་འགུལ་མུ་མཐུད་གསོན་པོར་གནས་ཐབས་སུ་དཀའ་ངལ་ཧ་ཅང་མང་པོ་བརྒྱབ་ཡོད། རིན་ཐང་བྲལ་བའི་བོད་མིའི་ཐུན་མིན་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་ཡོང་ཆེད་འབད་བརྩོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་རང་མི་དམངས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་གཞིས་ཆགས་ཁག་ཏུ་བསྐྱོད་དེ་མི་དམངས་ཀྱི་གནས་སྟངས་དང་དཀའ་ངལ་ཁག་ལ་ལྟ་རྟོགས་བྱེད་རྒྱུའི་འགན་ཞིག་ཡོད་པ་དང་། དེ་བཞིན་བཀའ་བློན་ཁྲི་པར་འོས་འདེམས་བྱུང་རྗེས་བོད་མིའི་གཞིས་ཆགས་ཁག་དང་། སློབ་གྲྭ དགོན་སྡེ་ཁག་ཕལ་ཆེ་བར་ལྟ་སྐོར་དུ་བསྐྱོད་པ་ཡིན་ཞེས་དང་། གཞན་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། གྲུབ་འབྲས་བཅས་ཀྱི་ངོ་སྤྲོད་གནང་བ་མ་ཟད།
སྐབས་བཅུ་བཞི་པའི་བཀའ་ཤག་གིས་འདི་ལོ་སྟེ་ཕྱི་ལོ་ ༢༠༡༤ ལོ་ནི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་སྐབས་གཞུང་འབྲེལ་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་རྒྱུ་ཡིན་སྐོར་སོགས་ཀྱི་གསུངས་བཤད་གནང་།
ཕྱོགས་མཚུངས་སྐབས་དེར་སྲིད་སྐྱོང་མཆོག་གིས་དེ་སྔ་ཨ་རུ་ནཱ་ཅལ་མངའ་སྡེའི་རྟ་དབང་དུ་བསྐྱོད་སྐབས་༸གོང་ས་མཆོག་ཐོག་མར་རྒྱ་གར་ས་ཐོག་ཏུ་བཙན་བྱོལ་དུ་༸ཞབས་སོར་འཁོད་སའི་གནས་ལ་མཇལ་སྐབས་དགའ་སྐྱོ་བཟུང་འབྲེལ་གྱི་ཚོར་བ་བསྐྱེས་སྐོར་དང་། སྲིད་སྐྱོང་མཆོག་གིས་རྒྱ་གར་ནང་ད་བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཧ་ལམ་ཆ་ཚང་བསྐོར་གསུངས་པ་མ་ཟད། ལོ་རྒྱུས་ཐོག་བོད་དེ་བཞིན་རང་བཙན་གསང་མའི་རྒྱལ་ཁབ་གཅིག་ཡིན་ནའང་ད་ལྟའི་ཁྱོན་ཡོངས་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་ཐོག་ཕྱིན་པ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ཙམ་མ་ཟད། རྒྱ་རིགས་ཤེས་ཡོན་མི་སྣ་ཚོས་ཀྱང་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་གཞིས་བྱེས་བོད་མི་གཉིས་ཀས་རྒྱབ་སྐྱོར་ཧ་ཅང་ཚད་མཐོ་པོ་ཐོབ་ཡོད་པ་དང་། གྲོས་ཚོགས་ནང་དུ་སྤྱི་མོས་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུས་ཡོད་སྐོར་གསུངས།