༢༠༡༤ ཟླ་ ༧ ཚེས་ ༨ རེས་གཟའ་མིག་དམར།
༄༅། །རྡོ་རྗེ་གླིང་ས་གནས་འགོ་འཛིན་ལས་ཁང་ནས་ཕྱི་ལོ་ ༢༡༤༡ ཟླ་ ༧ ཚེས་ ༧ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ ༧ ཚེས ༦ ཉིན་རྡོར་གླིང་ས་གནས་བོད་རིགས་འདུས་སྡོད་ས་གནས་བོད་མིའི་གཏན་སློབ་དང་རང་འཚོ་བཟོ་གྲྭ ས་གནས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་ཆོས་ཚོགས་དརྨ་ཅཀྲཱ། ཁར་ཤང་བོད་རིགས་སྐྱིད་སྡུག་བཅས་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།
དེ་ཡང་བོད་རྒྱལ་ལོ ༢༡༤༡ རབ་གནས་ཤིང་རྟ་ལོ་དང་། ཕྱི་ལོ ༢༠༡༤ ཟླ ༧ ཚེས ༦ རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བདུན་བཅུ་དོན་དགུར་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་གྱི་སྔ་དྲོ་ཆུ་ཚོད ༧།༣༠ ཐོག་རྡོར་གླིང་དུ་གནས་བཞུགས་ཁྱབ་ཁོངས་སེར་སྐྱ་མི་མང་རྣམས་ཀྱིས་རང་ལུགས་གཟབ་མཆོར་སྤྲས་ཏེ་གངས་ཅན་རི་རྩེར་སྐུ་རླུང་དར་འཛུགས་དང་། དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་བསྐུལ་གྱི་མཚོན་བསང་གསོལ་གཟབ་རྒྱས་ཐོག་འཁྲུངས་སྐར་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།
གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད ༩།༣༠ ཐོག་རྡོར་གླིང་བོད་མིའི་གཏན་སློབ་ཀྱི་སློབ་གྲྭའི་ཚོགས་ཁང་དུ་སྐུ་མགྲོན་རྣམས་ཕེབས་བསུ་དང་། སེར་སྐྱ་མི་མང་རྣམས་འདུ་འཛོམས་ཀྱིས་ཆུ་ཚོད་ ༡༠།༡༥ ཐོག་སྒོམ་ས་སྐྱ་གུ་རུ་དགོན་པའི་དགེ་འདུན་པ་རྣམས་ནས་དུང་རྒྱ་སྤོས་སྣེ་དང་བཅས་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན། ས་གནས་འགོ་འཛིན།
ཚོགས་སྐྱིད་ཁག་གི་ཚོགས་གཙོ་རྣམས་ནས༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྐུ་མགྲོན་རྣམ་པ་དང་མི་མང་རྣམས་ནས་རིམ་བཞིན༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་པ་དང་ལྷན་རྡོར་གླིང་ས་གནས་ཀྱི་མི་མང་དང་སློབ་ཕྲུག རྡོར་གླིང་བོད་བརྒྱུད་ནང་པའི་དགོན་སྡེ་དཔལ་ས་སྐྱ་དང་། རྙིང་མ། བཀའ་རྒྱུད། དགེ་ལུགས་བཅས་ཀྱི་དགོན་སྡེ་ཁག་ལྔའི་དགེ་འདུན་པ་ཞལ་གྲངས ༤༣ ཙམ་ཚོགས་ཁང་གི་མདུན་སྟེགས་ཚོགས་གདན་ཐོག་མཉམ་ཞུགས་ཀྱིས་ས་སྐྱ་དགོན་པའི་དགེ་འདུན་པས་དབུ་སྐུལ་གནང་ནས༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཆུ་ཚོད་གཅིག་དང་། བོད་མི ༡༣༠ རང་ལུས་མེར་སྲེག་བཏང་མཁན་དེ་དག་ལ་བསྔོ་སྨོན་མ་ཎི་ཡིག་དྲུག་ཆུ་ཚོད་གཅིག་རིང་གསོག་བསྒྲུབ་ཞུས།
རྡོར་གླིང་གཏན་སློབ་ཀྱི་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་དྲུག་ཅུའི་དབྱངས་ལྡན་དང་། འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་། སྐུ་མགྲོན་གཙོ་བོ་མཆོག་གིས་རྟེན་འབྲེལ་མཚོན་བྱེད་སྐུའི་འཁྲུངས་སྐར་ཉིན་ས་གནས་བུ་མེད་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་སྐྱེས་སྐར་གྱི་མངར་ཟས་ Birthday Cake༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་འདེགས་འབུལ་ཞུས་ནས་རིམ་བཞིན་སྐུ་མགྲོན་སེར་སྐྱ་མི་མང་སློབ་ཕྲུག་ཡོངས་ལ་གསོལ་ཇ་འབྲས་སིལ་ཕུལ།
རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་ནས༸གོང་ས་མཆོག་གི་མཛད་རྣམ་བརྙན་འཕྲིན་ཕྱོགས་བསྒྲིགས་ཞུས་པ་གཟིགས་འབུལ་ཞུས། སྐུ་མགྲོན་གཙོ་བོ་ས་གནས་རྫོང་དཔོན་གྱི་སྐུ་ཚབ་ Shri Soura Moudal (IAS) SDO Darjeeling Sadar མཆོག་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་། རྡོར་གླིང་ས་གནས་འགོ་འཛིན་བསྟན་འཛིན་ཚེ་དཔག་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་ཞུས། དམིགས་བསལ་སྐུ་མགྲོན་རྡོར་གླིང་གཏན་སློབ་ཀྱི་སློབ་སྤྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་། ཆུ་ཚོད་དང་པོའི་ཐོག་སྐུ་མགྲོན་རྣམ་པ་དང་། དགེ་ལས་སློབ་ཕྲུག མི་མང་ཡོངས་ལ་ས་གནས་ཚོགས་སྐྱིད་ཁག་ནས་ཉིན་དགུང་ཞལ་ལག་ཕུལ།
དེ་བཞིན་རྡོར་གླིང་ནང་པའི་ཆོས་ཚོགས་ཁང་།(Dharma Chakra Committee,་Darjeeling)ནང་རྡོར་གླིང་འབྲུག་ཐུབ་བསྟན་གསང་སྔགས་ཆོས་གླིང་དགོན་པའི་དགེ་འདུན་པ་རྣམས་ནས༸རྒྱལ་བའི་ཞབས་བརྟན་དབུ་འཛུགས་གནང་སྟེ་ས་གནས་ནང་པའི་ཡུལ་མི་དང་སྐུ་མགྲོན་རྣམས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་འདེགས་འབུལ་ཞུས།
ཆུ་ཚོད ༡༡།༣༠ ཐོག་རྡོར་གླིང་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་ཤར་པ་བླ་མ་སྤེན་པ་ལགས་དང་། རྡོར་གླིང་བོད་དོན་རྒྱབ་སྐྱོར་ཚོགས་གཞོན་ཨེམ་ཨེ་སེ་འབུམ་འཛོམས་ལགས་ཀྱིས་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་གསུང་བཤད་གནང་། དེ་ཉིན་གྱི་མཛད་སྒོར་རྡོར་གླིང་དང་། སྒོམ། ཇོར་སྦང་ལ། རང་འབོར། བསུ་ན་མདའ། སྤོས་སྦུང་སོགས་ནས་ས་གནས་ནང་པའི་མི་རིགས་འདྲ་མིན་བརྒྱ་ལྷག་ཕེབས་ཡོད་འདུག
ཉིན་རྒྱབ་ཆུ་ཚོད ༢།༣༠ བར་ཚོགས་མཆོད་སོགས་གནང་སྟེ་འཁྲུངས་ཚེས་སྲུང་བརྩི་གཟབ་རྒྱས་ཞུས།
ཕྱོགས་མཚུངས་ཉིན་དེའི་ཞོགས་པ་ཆུ་ཚོད ༧།༣༠ ཐོག་རང་འཚོ་བཟོ་གྲྭའི་མདུན་ཐང་དུ་རས་གུར་བརྒྱབ་སྟེ་ཁྱབ་ཁོངས་བོད་རིགས་དུད་ཁྱིམ་ཉིས་བརྒྱ་མ་ཟིན་ཙམ་གྱི་ནང་མི་བཞི་བརྒྱ་ལྷག་ཙམ་ཚང་འཛོམས་ཀྱིས་བསང་གསོལ་གཟབ་རྒྱས་ཞུས་ནས་དགེ་འདུན་པ་དང་མི་མང་གིས༸རྒྱལ་བའི་ཞབས་བརྟན་དབུ་འཛུག་གནང་སྟེ་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། ཉིན་རྒྱབ་ཆུ་ཚོད་གཉིས་པ་བར་མི་མང་རྣམས་ནས་གཞས་དང་ཞབས་བྲོ་འཁྲབ་པ་སོགས་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས།
ལྷག་པར་ཁར་ཤང་བོད་རིགས་སྐྱིད་སྡུད་ཚོགས་པའི་དྲུང་ཆེ་རྒན་བསོད་ནམས་རྒྱ་མཚོ་ལགས་ཀྱིས་འདྲ་པར་དང་འཁྲུངས་སྐར་སྲུང་བརྩི་ཞུས་པའི་ལས་བསྡོམས་འབྱོར་དོན་ལྟར། ས་གནས་བོད་རིགས་རྣམས་ཚོགས་ཁང་ནང་འཛོམས་ཀྱིས་འཁྲུངས་ལྷ་དབྱར་གསོལ་དང་༸གོང་ས་མཆོག་གི་འཁྲུངས་ཚེས་ཉིན་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་ཏེ་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་འདུག ཆུ་ཚོད་ལྔ་པའི་ཐོག་ས་གནས་གཞོན་ནུས་ཅོར་ར་སེ་ཏ་ཁུལ་དུ་གནས་སྡོད་ཡུལ་མི་རྣམས་ལ་མངར་ཆ་བགོས་འགྲེམས་བྱས་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ།
མཐར་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ས་སྟེང་འདི་ན་སུ་བཞུགས་རྣམས་ཀྱི་ལྷག་བསམ་རྣམ་པར་དག་པའི་སྨོན་ལམ་གྱི་སྟོབས་དང་། གངས་ལྗོངས་བོད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ཀྱི་དད་དམ་བདེན་པའི་བྱིན་རླབས་ཀྱི་ནུས་མཐུ་ལ་བརྟེན། འགྲོ་བ་ཡོངས་ལ་བྱམས་བརྩེ་གཟིགས་པ་ཆེན་པོས། གང་སྐུ་བསྐལ་པ་བརྒྱ་ཕྲག་བར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུས་འདུག་པ་བཅས།།