༢༠༡༤ ཟླ་ ༧ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཉེ་བའི་ནང་བོད་ཤར་ཕྱོགས་ཁམས་ནགས་ཤོད་འབྲི་རུ་རྫོང་དུ་རྒྱ་ནག་སྲིད་གཞུང་གིས་དམ་བསྒྲག་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་ལ། མིག་སྔའི་བར་ཤེས་གསལ་ལྟར་ན། ན་ནིང་ད་ལོ་བར་འབྲི་རུ་རྫོང་གི་མི་ ༡༥ ལ་ཉེས་མེད་ཉེས་འགེལ་བྱས་ཏེ་ཁྲིམས་ཆད་བཏང་ཡོད། ཉེ་ཆར་སླར་ཡང་རྫོང་སྲིད་གཞུང་གིས ” འབྲི་རུ་རྫོང་མི་དམངས་སྲིད་གཞུང་གི་གཏན་འབེབས་ཁག་གཉིས་ཀྱི་དྲིལ་བསྒྲགས་ལག་དེབ ” ཟེར་བ་ཟླ་བ་ ༦ པའི་ནང་ཁྱབ་བསྒྲགས་བྱས་ཡོད་པ་རེད།
ཡིག་ཆ་འདིར་ལེའུ་ ༤ དང་། དོན་ཚན་ ༢༦ ཡོད། ཡིག་ཆའི་ནང་གཙོ་བོ་ཁ་བྲལ་ལ་ངོ་རྒོལ་དང་། ༸གོང་ས་ཏཱ་ལའི་བླ་མར་ངོ་རྒོལ། དུས་དབང་སྨོན་ལམ་ཆོས་ཚོགས་བཅས་ལ་མཉམ་ཞུགས་བྱ་མི་ཆོག་པ། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བསྟོད་གླུ་ལེན་མི་ཆོག་པ། གུང་ཁྲན་ཏང་གི་སྲིད་བྱུས་ལ་དམའ་འབེབས་དང་ཟུར་ཟ་བྱ་མི་ཆོག་པ། གང་བྱུང་གིས་ཕྱི་ཕྱོགས་ཁ་བྲལ་ཤོག་ཁག་གི་དཀྲོག་གཏམ་ནང་ལོགས་སུ་ཁྱབ་སྤེལ་བྱ་མི་ཆོག་པ། རང་སྐྱོང་ལྗོངས་ཟེར་བ་ལས་ལྗོངས་ཕྱི་ལོགས་ཀྱི་བོད་ཁུལ་དུ་སློབ་གཉེར་སོགས་འགྲོ་བའི་གྲྭ་བཙུན་རྣམས་བཀག་སྡོམ། ས་གནས་སུ་དམངས་ཁྲོད་ནས་གོ་སྒྲིག་བྱས་པའི་གཏམ་བཤད་དང་བགྲོ་གླེང་སོགས་གང་བྱུང་གཉེར་མི་ཆོག་པ་བཅས་རེད།
གལ་ཏེ་ཁྲིམས་གཞི་འདི་དག་ལས་འགལ་ན་ཆེ་ས་ནས་ཁྲིམས་ཐག་བཅད་ནས་བཙོན་ཁང་དུ་འཇུག་རྒྱུ་དང་། ཆུང་ས་ནས་ལོ་ ༡ ནས་ ༡༠ བར་དབྱར་རྩྭ་དགུན་འབུ་བརྐོ་མི་འཇུག་རྒྱུ། ཟླ་བ་ ༣ ནས་ ༦ བར་བཙན་ཤེད་ངང་ཁྲིམས་ལུགས་གསོ་སྦྱོང་བྱ་རྒྱུ་བཅས། བོད་ནས་བསྐུར་བའི་སྐད་ཆ་ལྟར་ན། ད་ལོའི་དབྱར་རྩྭ་དགུན་འབུ་བརྐོ་བའི་སྔ་གཞུག་ཏུ་ས་གནས་བོད་མི་བརྒྱ་གཡས་གཡོན་ལ་ཉེས་མིང་སྣ་ཚོགས་བཀལ་ནས་དུས་བཀག་བཙོན་འཇུག་དང་ཁྲིམས་ཆད་འདྲ་མིན་བཅད་ཡོད་ལ། མང་པོ་ཞིག་ད་དུང་ཡང་བཙོན་ཁང་ནང་ཡོད་པ་རེད། དེ་དག་ལས་མང་པོ་ཞིག་བཙོན་ཁང་དུ་ཁྲིད་ནས་ཟླ་བ་བརྒྱད་དགུ་སོང་མོད། ཁོང་ཚོ་གང་དུ་ཡོད་མེད། ཁྱིམ་མིས་ད་དུང་ཡང་ཧ་གོ་མེད། ན་ནིང་ ༢༠༡༣ ལོ་ནས་བཟུང་། འབྲི་རུ་རྫོང་གི་མི་དམངས་བརྒྱ་ཕྲག་མང་པོ་གང་བྱུང་བཙོན་འཇུག་དང་། ཁྲིམས་ཆད། ཉེས་རྡུང་སོགས་ཕོག་ཡོད་པའི་ཁྲོད་ནས་མི་ ༡༥ ཙམ་ལ་ལོ་ ༡༨ ནས་ ༢ དང་ཕྱེད་ཀའི་བར་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད། འབྲི་རུ་བ་མི་གྲངས་ ༡༥ ལ་ཁྲིམས་ཐག་བཅད་པའི་ཐོ་གཞུང་།
ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༡ པའི་ཚེས་ ༢༣ ལ། འབྲི་རུ་རྫོང་ཚྭ་ཆུ་ཤང་ལྟར་མོས་དགོན་ནས་ཡིན་པའི་དགེ་བཤེས་ངག་དབང་འཇམ་དབྱངས་བཙན་འཁྲིད་བྱས་པ་དང་། ཟླ་བ་ ༡༢ པའི་ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་གསལ་བཤད་ཚིག་གཅིག་མེད་པའི་སྒོ་ནས་ཁོང་གི་ཕུང་པོ་ནང་མིར་སྤྲད་པ་རེད། ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༢ ནང་འབྲི་རུ་རྫོང་འབྲི་རུ་ཤང་འབྲོང་སྣ་དགོན་པའི་དཔེ་ཆའི་རྒན་ཐར་འདོད་རྒྱལ་མཚན་མི་ལོ་ ༡༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ། ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༠ པའི་ཚེས་ ༡༡ ཉིན་འབྲི་རུ་རྫོང་གཤམ་ཆུ་ཤང་སྟེང་མཁར་གྲོང་ཚོ་ནས་ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན སྨྱུག་མིང་ཞོགས་དྲིལ་དང་ཁོང་གི་གྲོགས་པོ་ཉེན་རྟོག་པ་ཟུར་པ་གཡུལ་རྒྱལ་གཉིས་རང་སྐྱོང་ལྗོངས་མགོ་ཁྲིད་ལ་རྒོལ་གཏམ་དང་ཁ་བྲལ་བར་རྒྱབ་སྐྱོར་བྱས་པའི་ཉེས་མིང་འོག་བཙན་ཤེད་ངང་འཛིན་བཟུང་བྱས་ཏེ་ཞོགས་དྲིལ་ལ་མི་ལོ་ ༡༣ དང་གཡུལ་རྒྱལ་ལ་མི་ལོ་ ༡༠ ཁྲིམས་ཐག་བཅད་པ་རེད། ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༡ པོའི་ཚེས་ ༡༤ འབྲི་རུ་རྫོང་འབྲི་རུ་ཤང་སྨོན་ཁྱིམ་གྲོང་མི་རིག་གསར་དང་ངག་གྲགས་གཉིས་མི་ལོ་ ༡༠ རེའི་དུས་བཀག་བཙོན་འཇུག་བྱས་པ། སྨོན་ཁྱིམ་གྲོང་དཔོན་ཁྲི་རྒྱལ་ལོ ༡༣ བཙོན་འཇུག་ཁྲིམས་ཐག་བཅད་པ། ཉེས་མིང་རྒྱལ་དར་འཛུགས་རྒྱུར་དགག་པ་བྱས་པ་དང་གཞུང་ལ་ངོ་ལོག་བྱས་པ།
ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡ པོའི་ནང་འབྲི་རུ་རྫོང་ཚྭ་ཆུ་ཤང་ལྟར་མོས་དགོན་པའི་གྲྭ་པ་སྐལ་བཟང་ཕྱོགས་གླང་ཁྲིམས་འགལ་ནང་འདུ་འཛོམས་སུ་ཞུགས་པའི་ཉེས་མིང་འོག་ལོ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་པ།
ཕྱི་ལོ་ ༢༠༡༣ ཟླ་ ༡༠ ནང་འབྲི་རུ་རྫོང་ཟླ་ཐང་ཤང་མི་རྡོ་རྗེ་དྲག་རྩལ་ལ་ཁྲིམས་འགལ་ངང་ནགས་ལྷ་འཛམ་བྷ་གཏེར་སྔོག་ངོ་རྒོལ་ནང་ཞུགས་པ་དང་སྒོར་མོ་ཁྲིམས་འགལ་ཕྱོགས་ལ་བཏང་སྟབས་མི་ལོ་ ༡༡ བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༢ ནང་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་ནས་ཡིན་པའི་ཆོས་ཁྱབ་གཏེར་ཁ་སྔོག་འདོན་ངོ་རྒོལ་བྱེད་མཁན་གྱི་གཏེ་གྲས་ཡིན་པ་བརྗོད་ནས་ལོ་ ༡༣ གྱི་ཁྲིམས་ཐག་བཅད། འཕྲིན་ལས་ཚེ་དཀར་ལ་ཁྲིམས་འགལ་གླུ་གཞས་བཀྲམ་འདོན་བྱས་པའི་ཉེས་མིང་འོག་ལོ ་ ༩ བཙོན་འཇུག་ཁྲིམས་ཐག་བཅད། ཚེ་ལྷར་ཁ་བྲལ་བའི་ལས་འགུལ་བར་བསྙད་བཏགས་ནས་ལོ་ ༣ བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༡༡ འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་ནས་ཡིན་པའི་བསྟན་འཛིན་རང་གྲོལ་དང་སྟོབས་ལྡན། གྲྭ་དཀོན་མཆོག་ཆོས་འཕེལ་སོགས་ཏཱ་ལའི་བླ་མ་དང་འབྲེལ་བ་བྱས་པ་དང་ཁ་བྲལ་བའི་ཉེས་མིང་འོག་གྲ་དཀོན་མཆོག་ཆོས་འཕེལ་ལ་མི་ལོ་ ༥ གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། བསྟན་འཛིན་རང་གྲོལ་དང་སྟོབས་ལྡན་གཉིས་ལ་མི་ལོ་ ༦ གི་ཁྲིམས་ཆད་ཕོག
ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༩ པར། འབྲི་རུ་རྫོང་ཚྭ་ཆུ་ཤང་རང་ལོ་ ༦༨ ལ་སོན་པའི་རྒན་པོ་ཟླ་གཡང་གིས་རྒྱ་གཞུང་གི་གཤམ་སྐྱོད་ཆབ་སྲིད་འཁྲབ་སྟོན་རུ་ཁག་ཅིག་ལ་ཐད་ཀར་ངོ་རྒོལ་བྱས་སྟབས་འཛིན་བཟུང་བཙན་འཁྲིད་བྱས་པ་དང་ལོ་ ༢ ཕྱེད་ཀ་བཙོན་འཇུག་བྱས་པ་བཅས་ནི་ད་ཕན་ཤེས་རྟོགས་བྱུང་བ་དང་ལག་སོན་བྱུང་བ་ཁོ་ན་ཙམ་ཡིན། གོང་དུ་ཁྲིམས་ཐག་བཅད་པ་འདི་དག་སྲིད་གཞུང་གིས་རང་དགར་ངང་ཐད་ཀར་ཁྲིམས་ཐག་བཅད་པ་ལས། ཁྲིམས་རྭ་ཚོགས་པའི་བརྒྱུད་རིམ་སྣ་གཅིག་ལག་བསྟར་བྱས་མེད། ཐ་ན། ཁྱིམ་ཚང་མིས་ཀྱང་ག་དུས་ཁྲིམས་ཐག་བཅད་ཡོད་མེད་དང་ག་ནས་ཁྲིམས་ཐག་བཅད་ཡོད་མེད། ནག་ཉེས་ཅི་ཞིག་བསགས་ཡོད་མེད་སོགས་ཤེས་རྟོགས་མེད། ས་གནས་མི་དམངས་དུས་ཐུང་བཀག་ཉར་དང་ཟླ་བ་ཁ་ཤས་བཙན་ཤེད་ངང་ཁྲིམས་ལུགས་སློབ་གསོ་གང་བྱུང་དངུལ་ཆད་གཅོད་པ། ཐོབ་ཐང་ལག་ཁྱེར་བཙན་འཕྲོག་བྱེད་པ། ཐོབ་ཐང་ལག་ཁྱེད་མེད་སྟབས་བོད་ཀྱི་ས་ཆ་གང་དུའང་འགྲོ་ཐུབ་ཀྱི་མེད་པ་སོགས་རེད། ས་གནས་ན་ནིང་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚོད་ནས་སྐད་འཕྲིན་སོགས་བཀག་སྡོམ་བྱས་ནས་ད་ལྟ་ཡང་འབྲེལ་གཏུག་བྱེད་ས་མེད། གང་ལྟར་ཀྱང་འབྲི་རུ་རྫོང་ནི་འབྲེལ་གཏུག་བྱེད་སའི་བརྒྱུད་ལམ་ཅི་ཡང་མེད་པའི་གླིང་ཕྲན་ཁེར་རྐྱང་བ་ཞིག་དང་གཅིག་མཚུངས་ཆགས་ཡོད།།