༢༠༡༤ ཟླ་ ༧ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༦ ཉིན་བཏང་གནས་ནང་འཁོད་དོན། ཀུ་ལུ་དཔལ་རབ་གླིང་གཞིས་ཁོངས་ནས་ཡིན་པ་ཚེས་གཅིག་སྒྲོལ་མ་དེ་སྔ་ཕྱི་ལོ་ ༡༩༩༢།༩༣ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་མགོན་ཐབས་སྦྱོར་ཐོག་ཨ་རིར་གཞིས་བསྐྱོད་སྐབས་ལག་སྣེའི་དཀའ་ངལ་འཕྲད་དེ་ཀུ་ལུ་དཔལ་རབ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཧིན་སྒོར་ ༨༠༠༠།༠༠ (བརྒྱད་སྟོང་) ཐམ་པ་སྔ་གཡར་གནང་བ་ད་བར་གཙང་བཟོ་མ་ཐུབ་པར་ས་གནས་ཀྱི་རྩིས་སྙན་ནང་ལོ་བསྟུད་མར་གསལ་བའི་ཐབས་སྐྱོའི་གནས་སྟངས་ཆགས་ཡོད། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཞི་པའི་གྲུབ་དོན་སྙན་ཐོ་དོན་ཚན་ ༣༡། ཅ་ ༤ དགོངས་དོན་ལྟར། འདི་ནས་ཕྱི་ལོ་ ༢༠༡༤།༥།༢༣ འཁོད་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་ཤོག་དང་དྲྭ་རྒྱའི་ནང་མཇུག་འདེད་ཀྱིས་ཕྱི་ལོ་ ༢༠༡༤།༦།༣༠ འགྱངས་མེད་དངུལ་འབབ་གྲངས་ཚང་ཕྱིར་སློག་ཞུ་གལ་དང་། གལ་ཏེ་གོང་གསལ་དུས་བཀག་ནང་ཚུད་དངུལ་འབབ་གཙང་འབུལ་མ་ཞུས་ཚེ། གཞུང་འབྲེལ་ཚགས་ཤོག་སོགས་ནང་དོ་བདག་ནས་སྤྱི་རྒྱུ་སྒེར་སྤྱོད་བྱེད་པོར་གསལ་བསྒྲགས་བྱ་རྒྱུ་ཡིན་སྐོར་གསལ་ཡོད། འདི་ནས་ ༢༠༡༤།༧།༨ འཁོད་ས་གནས་སུ་གོང་གསལ་ཚེས་གཅིག་སྒྲོལ་མའི་དཔར་དང་། ད་ལྟའི་སྡོད་གནས་ཁ་བྱང་། དཔྱ་ཁྲལ་ལག་དེབ་ཨང་སོགས་ཞིབ་ཕྲ་འཕྲལ་འབུལ་ཞུ་དགོས་ཞུས་པར་ས་གནས་ནས་དོ་བདག་དང་འབྲེལ་བའི་གནས་དོན་འཚོལ་ཞིབ་སླད་ས་གནས་སྤྱི་བརྒྱ་ཁག་ལ་འདྲི་རྩད་ཞུས་པའི་ཁོ་མོའི་གནས་ཚུལ་སྐོར་ཤེས་རྟོགས་གང་ཡང་མེད་སྐོར་ཞུས་འདུག ས་གནས་ནས་ཨ་རི་སྐུ་ཚབ་དོན་ཁང་བརྒྱུད་བརྡ་འདེད་ཐེངས་ ༣ ཙམ་གནང་ཡོད་རུང་ལན་གསལ་གང་ཡང་འབྱོར་མེད་སྟབས། ཚེས་གཅིག་སྒྲོལ་མ་སྤྱི་རྒྱུ་སྒེར་ཟས་བྱེད་པོར་ངོས་འཛིན་ཞུ་རྒྱུ་ཡིན།།