༢༠༡༤ ཟླ་ ༧ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཆེད་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༤ ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ལེ་གྷ་ཊམ་བསྟི་གནས་ཁང་ Legatum Institute དུ་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་སྐུའི་འཁྲུང་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག ཐེངས་འདིའི་མཛད་སྒོའི་སྐབས་རྒྱ་གར་གཞུང་ཚབ་ཆེན་མོ་མཆོག་དང་། ལིའུ་ཐེ་ནི་ཡ་ Lithuania དང་། བྷོ་སི་ནི་ཡ་དང་ཧར་ཛི་གོ་བི་ན་ Bosnia & Herzegovina བཅས་ཀྱི་གཞུང་ཚབ་སོགས་ཆེད་ཕེབས་གནང་ཡོད་པ་མ་ཟད། དབྱིན་ཇིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སེ་མོན་ཧུ་ཇི་སི་ Simon Hughes མཆོག་ཀྱང་ཆེད་ཕེབས་གནང་འདུག ཁོང་ནི་མང་གཙོ་གུ་ཡངས་ཚོགས་པའི་ Liberal Democrat Party ཚོགས་གཞོན་ཡིན་འདུག
ཧི་མཱ་ལ་ཡ་དང་རྒྱ་རིགས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། ས་གནས་བོད་རིགས། བོད་དང་འབྲེལ་བ་ཧ་ཅང་ཡོད་པའི་མི་སྣ་མཁས་གྲས་སོགས་མཉམ་ཞུགས་གནང་འདུག དེ་ཡང་མཛད་སྒོའི་ཐོག་མར་ལོན་ཌོན་དུ་རྟེན་གཞི་བྱས་པའི་འཇམ་དབྱང་ཆོས་ཚོགས་ཀྱི་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྨོན་ལམ་གསུང་འདོན་གནང་། དེ་ནས་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་ཧ་ཅང་བསྐྱོན་པའི་འབྲས་བུར་བོད་ཀྱི་གནད་དོན་ད་བར་རྒྱལ་སྤྱིའི་སྟེང་མ་ཡལ་བར་གསོན་པོར་གནས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དང་འབྲེལ་ལམ་བྱེད་སྐབས་བོད་ཀྱི་གནད་དོན་གལ་ཆེར་འཛིན་དགོས་པའི་གནས་སྟངས་ཤིག་ཏུ་བསྐྲུན་གནང་མཛད་ཡོད་པ་མ་ཟད།
མགོན་པོ་གང་ཉིད་མཆོག་གིས་རླབས་ཆེན་གྱི་དགོངས་བཞེད་མཛད་པའི་འབྲས་བུར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡང་དག་པའི་མང་གཙོའི་ལམ་ལུགས་གསོལ་རས་སྩལ་ཡོད། མཛད་རྗེས་འདི་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་གཟེངས་སུ་ཐོན་པའི་མཛད་རྗེས་ཁྱད་པར་ཅན་ཞིག་ཡིན་པ་བྱུང་རབས་ལོ་རྒྱུས་ཀྱི་དཔང་པོ་བྱེད་ཐུབ། འབྱུང་འགྱུར་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་ཚེ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་སྒྲོམ་གཞི་འདིས་མིག་དཔེ་འོས་པ་ཞིག་ཏན་ཏན་ཆགས་སྲིད་པ་མ་ཟད། རྒྱ་ནག་ལའང་ཞི་བདེ་དང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ཕན་ཐོགས་ཡོང་སྲིད། ཅེས་སོགས་ཀྱི་གསུང་བཤད་གནང་བསྟུན། དབྱིན་ཡུལ་བོད་རིགས་ཚོགས་པས་བོད་ཀྱི་ཐུན་མིན་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་ཞུས། སྤྱིར་དབྱིན་ཡུལ་བོད་རིགས་ཁག་གཅིག་གིས་ཕྱི་ཚེས་ ༥ ཉིན་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག