༢༠༡༤ ཟླ་ ༧ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་སྟབས་བསྟུན། བོད་ཀྱི་ལོ་ཐོ་ལྟར་འཁྲུངས་ཚེས་བོད་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། མདོ་སྨད་ཆོལ་ཁའི་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་བཅས་ནས་ལྷན་ཅིག་ཏུ་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུའི་སྐོར་གསར་འགོད་ལྷན་ཚོགས་ཤིག་སྤེལ་སོང་། དེ་ཡང་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། ཆོས་རིག་དྲུང་ཆེ་རྒྱལ་གླིང་དོན་གྲུབ་རྡོ་རྗེ་ལགས། མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་གཙོས་ཆོས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། ཕྱི་ནང་གི་གསར་འགོད་པ་ ༢༠ བརྒལ་བའི་དབུས་སུ་ཆོས་རིག་དྲུང་ཆེས་འཚམས་འདྲི་དང་ལས་རིམ་ངོ་སྤྲོད་གནང་དོན། ད་རེས་རྣམ་པ་ལྷན་རྒྱས་འདི་གར་ཕེབས་རོགས་ཞུས་དགོས་དོན་ནི།
ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་ཀྱི་ཡོད་པའི་སྐུའི་འཁྲུངས་སྐར་ཉིན་གཞུང་དམངས་གཉིས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཆོག་པ་གནང་རོགས་ཞེས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སྙན་གསེང་བསྒྲོན་པ་དང་དེ་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་སམ་དགེ་ལུགས་སྤྱིའི་ངོས་ནས་བརྟན་བཞུགས་༕བསྟར་འབུལ་ཞུས་ཆོག་པའི་སྙན་གསེང་ཞུས་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༧ ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བཀའ་ཤག་ལ་བཀའ་ཡིག་ཕེབས་པའི་ནང་། བོད་མིའི་སྒྲིག་འཛུགས་ནས་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་སྙན་གསེང་བསྒྲོན་པར། སྐབས་དེར་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཟིན་པར་བརྟེན། མདོ་སྨད་ཆོལ་ཁའི་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་སྙན་གསེང་བསྒྲོན་ཏེ་ཐུགས་གཏན་འཁེལ་བའི་བརྟན་བཞུགས་དང་།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་སམ་དགེ་ལུགས་སྤྱིའི་ངོས་ནས་བརྟན་བཞུགས་བསྟར་འབུལ་རྒྱུ་དེ་བཞིན་རེ་རེ་བཞིན་མི་དགོས་པར་ཐུན་མོང་ནས་འབུལ་འཐུས་ཀྱི་བཀའ་ཕེབས་བྱུང་བ་མ་ཟད། འབྲེལ་ཡོད་ཚན་པ་གསུམ་གྲོས་མོལ་གནང་དགོས་སྐོར་ལམ་སྟོན་ཕེབས་བྱུང་དེར་བརྟེན་ཕྱི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་སམ་དགེ་ལུགས་སྤྱིའི་ངོས་ནས་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གིས་དབུས་ཆོས་འཕེལ་བཟོད་པ་ལགས་དང་ཚོགས་མི་གཞན་ཞིག དེ་བཞིན་ཆོས་རིག་དྲུང་ཆེ་དང་། དྲུང་འཕར། ཟུང་དྲུང་། མདོ་སྨད་ཆོལ་ཁའི་ཚོགས་གཙོ་དང་ཚོགས་མི་གཉིས་བཅས་ལྷན་འཛོམས་ཀྱིས་ཁུངས་སོ་སོའི་སྙན་གསེང་ཞུ་སྟངས་དང་། བར་སྐབས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བརྟན་བཞུགས་དང་འབྲེལ་བའི་བཀའ་ཕེབས་སྐོར།
མ་འོངས་པར་ང་ཚོའི་བྱེད་ཕྱོགས་སྐོར་མི་རིང་བར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཐུབ་ན་ཡག་པོ་ཡོང་ངེས་རེད་ཅེས་ཐག་གཅོད་བྱུང་དོན་བཞིན། རྣམ་པ་ཚོ་དེ་རིང་འདི་གར་ཕེབས་རོགས་ཞུས་དགོས་དོན་དེ་ལྟར་ཡིན། ཆོས་རིག་ལས་ཁུངས་ལ་ཆ་མཚོན་ན། སྔོན་མ་ནས་ཐུགས་གཏན་འཁེལ་ཟིན་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཆོས་རིག་ལས་ཁུངས་ནས་བརྟན་བཞུགས་དང་འབྲེལ་བའི་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་མི་ཡོངས་ལ་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ ཉིན་ཆོས་རིག་ལས་ཁུངས་ནས་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་སྟབས་བསྟུན། གཞུང་འབྲེལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཐུགས་གཏན་འཁེལ་ཟིན་པར་བརྟེན། བོད་མི་ཡིན་ནོ་ཅོག་གིས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་སྒོར་ ༣།༠༠ རེ་འབུལ་རྒྱུ་རྒྱས་བཅད་དང་། དེའི་ཐོག་དང་བླངས་བློས་བཅད་ཞལ་འདེབས་འབུལ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༨ སྔོན་ལ་ཆོས་རིགས་ལས་ཁུངས་སུ་གནང་འབྱོར་ཐུབ་ཐབས་ཡོང་བའི་གསལ་བསྒྲགས་སྤེལ་ཡོད། ཅེས་ངོ་སྤྲོད་གནང་། དེ་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་གཉིས་ཀྱིས་རིམ་བཞིན་ངོ་སྤྲོད་གནང་རྗེས་ཆོས་རིག་དྲུང་ཆེས་དབྱིན་སྐད་ཐོག་ལས་འཆར་ཁག་ཞིབ་ཕྲ་ངོ་སྤྲོད་གནང་སོང་།