༢༠༡༤ ཟླ་ ༦ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མཧཱ་རཤ་ཊ་མངའ་སྡེའི་རྒྱལ་ས་མུམ་བྷེའི་ ནང་རྟེན་གཞི་བྱས་པའི་སོ་མི་ཡ་མཐོ་སློབ་ (Somaiya Vidyavihar) ཏུ་བོད་ཀྱི་དུས་སྟོན་དབུ་འབྱེད་མཛད་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཟླ་ ༥ ཚེས་ ༣༠ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༦ ཚེས་ ༢ བར་ཉིན་གྲངས་བཞིའི་རིང་རྒྱ་གར་ནང་པའི་དད་ལྡན་པ་ཁག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་དྲུག་པ་དང་བརྒྱད་པ། དེ་བཞིན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་སོགས་ཀྱི་ཆོས་འབྲེལ་སྩོལ་བཞིན་པ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས་དཔར་རིགས་ཀྱི་ལམ་ནས་བོད་ཀྱི་གནད་དོན་དང་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན། རང་ལུས་མེར་སྲེག་གཏོང་མཁན་རྣམས་སུ་ཡིན། བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་མངོན་འདོད་གང་ཡིན་པ། བོད་མི་རང་ལུས་མེར་སྲེག་གཏོང་ཡུལ་གྱི་ས་ཁུལ་ཁག དེ་བཞིན་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གི་ལས་འགུལ་དེར་འཁྱོག་བཤད་ཀྱི་ལན་འདེབས་གང་སྤེལ་བཞིན་ཡོད་པ་སོགས་ཀྱི་སྐོར་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་པའི་་བརྙན་དཔར་འགྲེམས་སྟོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་ཡོད།
འགྲེམས་སྟོན་དེ་བཞིན་ཡུལ་མི་གཙོ་བོར་གྱུར་བའི་མང་ཚོགས་ལ་བོད་ཀྱི་ཐུན་མིན་རིག་གཞུང་དང་། བྱུང་རབས། ད་ལྟའི་བོད་ནང་གི་གནས་སྟངས
དེ་བཞིན་འཕགས་བོད་གཉིས་ཀྱི་འབྲེལ་བའི་གནས་ཚུལབྱུང་རབས་ཀྱི་ཐོག་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་ད་བར་འཕགས་བོད་གཉིས་ཀྱི་འབྲེལ་ལམ་དེ་བཞིན་གལ་ཆེན་པོ་ཇི་ལྟར་ཡིན་པ་བརྙན་པར་འགྲེམས་སྟོན་བརྒྱུད་བོད་དོན་གོ་རྟོགས་སྤེལ་ཡོད་པ་མ་ཟད། བོད་དོན་གྱི་གློག་བརྙན་ཁག་གཅིག་ཀྱང་བསྟན་ཡོད་འདུག འགྲེམས་སྟོན་འདིའི་ནང་བོད་ཀྱི་གསོ་རིག་སྨན་གྱི་སྐོར་དང་། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཁག་གཅིག་གིས་བཞེངས་སྐྲུན་གནང་བའི་དཀྱིལ་འཁོར་སྐོར་ཧོན་སུར་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་མར་ཚོན་གྱི་མཆོད་པ་བཞེངས་ཕྱོགས་སྐོར། བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་དེབ་ཚོང་འགྲེམས། མོན་གྷོ་བོད་མིའི་མཉམ་འབྲེལ་གྱི་ལག་ཤེས་ཐོན་སྐྱེད་དང་སྐུ་ཐང་ཁག་ཚོང་འགྲེམས། དེ་བཞིན་རྡ་སའི་སྐལ་སྟོབས་ཤིང་བརྐོས་བཟོ་གྲྭ་ནས་ཤིང་བརྐོས་སྒྱུ་རྩལ་འགྲེམས་སྤེལ་ཡང་གནང་ཡོད། འགྲེམས་སྟོན་འདི་བཞིན་སོ་མི་ཡ་མཐོ་སློབ་ནང་གོ་སྒྲིག་ཞུས་ཡོད་པ་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་། དབྱངས་ཅན་སྒྲོལ་དཀར་ལགས་རྣམ་གཉིས་ཀྱིས་མཐུན་འགྱུར་གནང་ཡོད།།