༢༠༡༤ ཟླ་ ༦ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་པདྨ་ཐང་མགྲོན་ཁང་ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཚོག བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས། རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་བཅས་བོད་མིའི་སྒྲིག་འཛུགས་དང་ལོ་མང་རིང་ནས་འབྲེལ་བ་བཟང་པོ་ཡོད་པའི་ཨར་ཨེ་སི་ཨེ་སི་ཆབ་སྲིད་ཚོགས་པའི་ (RSS) སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་ Indresh Kumar ལགས་དང་ལྷན་མཇལ་འཕྲད་གནང་རྗེས་ཆུ་ཚོད་ ༡༡།༣༠ ཐོག་སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་ལགས་ཀྱིས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་ནང་མི་དམངས་རྣམས་ལ་གསུང་བཤད་སོང་།
དེ་ཡང་ཐོག་མར་རྡ་ས་ས་གནས་འགོ་འཛིན་གྱིས་སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་ལགས་ངོ་སྤྲོད་དང་ཕེབས་བསུའི་གསུང་བཤད་གནང་རྗེས་སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་ལགས་ཀྱིས་འཕགས་བོད་གཉིས་ཀྱི་འབྲེལ་བའི་སྐོར་དང་། ད་བར་རྒྱ་གར་གྱི་སྲིད་བློན་ ༡༢ ཀྱི་དམ་འབུལ་མཛད་སྒོར་བོད་མིའི་སྐུ་ཚབ་མགྲོན་འབོད་ཞུས་མེད་ཀྱང་།
ད་རེས་སྲིད་བློན་མོ་ཏི་མཆོག་གི་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་མགྲོན་འབོད་ཞུས་པ་དེ་ནི་ཐེངས་དང་པོ་ཆགས་ཀྱི་ཡོད། དེ་བཞིན་རྒྱ་གར་གཞུང་ནས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱིས་མཚོན་གཞིས་ཆགས་ཁག་གི་གནས་སྟངས་དང་། འཚོ་ཐབས། ཤེས་ཡོན། འཕྲོད་བསྟེན་སོགས་ལ་མཐུན་འགྱུར་གང་ཐུབ་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་ནས་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནེ་རུ་མཆོག་ནས་བཟུང་ད་ལྟའི་སྲིད་བློན་སྐུ་ཞབས་མོ་ཏི་མཆོག་བར་དང་། དེ་བཞིན་རྒྱ་གར་གྱི་མི་དམངས་བཅས་ནས་བོད་མིར་དཀའ་ངལ་འཕྲད་པའི་སྐབས་སུ་མཐུན་འགྱུར་གང་ལེགས་གནང་བར་བོད་མི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཞུ་རྒྱུ་དང་། རྒྱ་གར་ནང་ཡོད་པའི་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་ངོ་སྤྲོད་གནང་བ་མ་ཟད། དེ་སྔའི་རྒྱ་གར་དབུས་གཞུང་ལ་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་ལ་འབོད་སྐུལ་ཞུས་པ་ཁག་ཀྱང་ངོ་སྤྲོད་ཞིབ་རྒྱས་གནང་སོང་། དེ་ནས་ཆུ་ཚོད་ ༡༢།༣༠ ཐོག་བོད་ཀྱི་མགྲོན་ཁང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་དང་ཐུག་འཕྲད་གནང་རྗེས་ཆུ་ཚོད་ ༡།༣༠ ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་གྲུབ་མཚམས་བཀའ་ཤག་གིས་ཁོང་ལ་ཉིན་གུང་གི་གསོལ་ཚིགས་ཤིག་ཀྱང་ཕུལ་ཡོད་པ་བཅས།།