༢༠༡༤ ཟླ་ ༦ ཚེས་ ༣ རེས་གཟའ་མིག་དམར།
༄༅། །བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་རང་དབང་བསྐྱར་གསོའི་ལས་འགུལ་སྤེལ་བཞིན་ཡོད་པ་དེ་དག་རྒྱལ་སྤྱིའི་སྟེང་གོ་རྟོགས་རྒྱ་ཆེ་སྤེལ་ཐབས་སུ་དབུས་བོད་མིའི་སྒྲིག་འཛུགས༌ཀྱིས་དབུ་མའི་ལམ་གྱི་ལས་འགུལ་དང་འབྲེལ་བའི་ཡིག་ཆ་ཁག་ཅིག་དང་སྐར་མ་ ༧ ཅན་གྱི་གློག་བརྙན། དེ་བཞིན་དབུ་མའི་ལམ་གྱི་དྲ་རྒྱ་གསར་པ་བཅས་དབུ་འབྱེད་གནང་གཏན་འཁེལ་ཡོད། དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་རྣམས་ལ་ནང་ཆོས་ངོ་སྤྲོད་མཛད་རྒྱུའི་སྐབས་དང་བསྟུན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གོང་འཁོད་ཡིག་ཆ་དེ་དག་སྤྱན་བསྟར་ཞུ་བ་དང་སྦྲགས། དབུ་མའི་ལམ་གྱི་དྲ་རྒྱ་དབུ་འབྱེད་གནང་རྒྱུ་ཡིན་འདུག