༢༠༡༤ ཟླ་ ༦ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༣ ཉིན་ཨི་ཊ་ལིའི་ཊུ་སི་ཀན་ནིའི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་པོ་མ་ཡར་ Pomaia ཆགས་པའི་བླ་མ་ཙོང་ཁ་པའི་ཆོས་ཚོགས་ཀྱིས་བཞེངས་སྐྲུན་ཞུས་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་མཐོ་ཚད་མི་ཊར་ ༥ ཅན་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་པ་དང་སྦྲགས། སྐུ་བརྙན་བཟོ་བསྐྲུན་ཞུ་མཁན་གྱི་ལག་རྩལ་ལ་བསྔགས་བརྗོད་དངམཇལ་དར་གསོལ་རས་སྩལ། དེ་ནས་མགོན་པོ་གང་ཉིད་མཆོག་གིས་མི་དམངས་ ༡༠༠༠ ཙམ་ལ་བཀའ་སློབ་སྩལ་དོན། སངས་རྒྱས་ཀྱི་སྐུ་བརྙན་ཙམ་ལ་ཕྱག་མཆོད་འབུལ་བྱས་པ་ལས་སངས་རྒྱས་ཀྱི་གསུང་ལ་སློབ་སྦྱོང་དང་ཉམས་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན། ལྷག་པར་ནང་པ་སངས་རྒྱས་པ་ཚོས་ཆོས་དཀོན་མཆོག་སྐྱབས་གནས་དངོས་སུ་བརྩིས་ནས་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་ལས་སངས་རྒྱས་ཀྱི་སྐུ་བརྙན་གཙོ་བོར་འཛིན་ན་དེ་ཙམ་ཕན་ཐོགས་མེད།
འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཕལ་མོ་ཆེར་ལྟ་གྲུབ་ཀྱི་རྣམ་གཞག་དང་། ཆོས་ཀྱི་རྣམ་གཞག དེ་བཞིན་ཆོས་ལུགས་དེ་གཞི་རྩར་གྱུར་བའི་རིག་གཞུང་གི་རྣམ་གཞག་བཅས་ཁྱད་ཆོས་གསུམ་དང་ལྡན་ཡོད། འོན་ཀྱང་གཞི་རྩའི་ཆ་ནས་ཆོས་ལུགས་དེ་དག་ཚང་མས་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་བསླབ་བྱ་རྣམས་ཁ་གཅིག་གྲག་ཐོག་གསུང་བཞིན་ཡོད། ལྟ་གྲུབ་ཀྱི་ཐོག་ནས་ཆོས་ལུགས་འདྲ་མིན་ཕན་ཚུན་དབར་མི་འདྲ་བའི་ཁྱད་པར་ཡོད་པ་ལྟར། ཁྱད་པར་དེ་དག་ཡོད་དགོས་རྒྱུ་གལ་ཆེན་པོ་ཡིན། གང་ཡིན་བརྗོད་ན་མིའི་ཁམས་དང་མོས་པ། བསམ་པ་སོགས་འདྲ་མིན་ཡོད་པར་བརྟེན་ཆོས་ལུགས་དང་ལྟ་གྲུབ་མི་འདྲ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཆོས་ལུགས་དེར་གཞི་རྩར་གྱུར་བའི་རིག་གཞུང་གི་རྣམ་གཞག་ནི་གཙོ་ཆེ་ཤོས་ཆོས་ལུགས་གང་དུ་དར་སའི་ས་གནས་དང་ཁོར་ཡུག་ལ་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། དཔེར་ན། སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་སྐབས་སྤྱི་ཚོགས་ནང་རིགས་མཐོ་དམའ་དབྱེ་འབྱེད་བྱ་རྒྱུའི་ལམ་སྲོལ་ཤུགས་ཆེ་དར་བཞིན་ཡོད། དེར་བརྟེན་བཅོམ་ལྡན་འདས་ཀྱིས་རིགས་མཐོ་དམའ་བརྩི་རྒྱུའི་ལམ་ལུགས་དེར་དགག་བྱ་མཛད་ཡོད། ཅེས་བཀའ་སློབ་སྩལ་བ་དང་སྦྲགས།
དེ་སྔ་ཕྱི་ལོ་ ༡༩༥༤།༡༩༥༥ ལོར་མགོན་པོ་གང་ཉིད་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་མཇལ་འཕྲད་མཛད་པ་དང་། སྐབས་དེར་མའོས་སངས་རྒྱས་བཅོམ་ལྡན་འདས་ནི་གསར་བརྗེ་བ་ཞིག་ཡིན་རབས་དང་རིགས་མཐོ་དམའ་བརྩི་རྒྱུར་དགག་བྱ་མཛད་མཁན་ཞིག་ཡིན་པ་མ་ཟད། མི་མང་སྐྱོ་བོ་ཚོའི་ཐོབ་ཐང་ཆེད་འཐབ་རྩོད་མཛད་མཁན་གྱི་སྐྱེས་བུ་ཞིག་ཡིན་པ་བརྗོད་ཚུལ་རྣམས་ཐུགས་དྲན་གསོ་མཛད། ཕྱོགས་མཚུངས་སྐབས་དེར་༸གོང་ས་མཆོག་གིས་ཚན་རིག་གི་ཕྱི་དངོས་པོའི་བདེ་སྐྱིད་སྐྲུན་ཐབས་ཀྱི་ཐབས་ལམ་སྟོན་གྱི་ཡོད་པ་དང་། ཆོས་ཀྱིས་ནང་བསམ་བློར་བདེ་སྐྱིད་སྐྲུན་ཐབས་ཀྱི་ཐབས་ལམ་སྟོན་གྱི་ཡོད་པར་བརྟེན། དེ་གཉིས་ཟུང་འབྲེལ་བྱ་རྒྱུ་གལ་ཆེན་པོ་ཡིན་ཚུལ་བཀའ་སློབ་སྩལ་བ་དང་།
དེ་བཞིན་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཆེད་ཆོས་ལུགས་ཕན་ཚུན་དབར་གུས་བརྩི་དང་ཡི་རང་བསྔགས་བརྗོད་ཞུ་དགོས་པ་དང་། དེ་ལྟར་ཡོང་བར་ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་གུས་འདུད་དང་ཡིད་ཆེས་ཀྱི་ཐོག་ནས་ཡོང་རྒྱུ་ལས། ཆོས་ལུགས་ཁ་ལ་འཁྱེར་ནས་ཕན་ཚུན་གསོད་རེས་བྱས་པ་དེ་དག་ནི་བསམ་ཡུལ་ལས་འདས་པའི་བློ་ཕམ་པའི་གནས་ཚུལ་ཞིག་ཡིན། ཞེས་བཀའ་སློབ་སྩལ་བསྟུན། ༸གོང་ས་མཆོག་གིས་བོད་མི་ཚོས་ནང་ཆོས་སློབ་གཉེར་བྱེད་སྟངས་སྐོར་བཀའ་སློབ་སྩལ་དོན། ངོས་རང་ཆུང་བྱིས་པའི་སྐབས་ནས་ཐོག་མར་རྩ་བ་བློ་འཛིན་དང་། དེ་ནས་འགྲེལ་བའི་གོ་དོན་རྟོགས་པར་བྱས་མཐར་རིག་པས་བརྡར་ཤ་དཔྱད་ནས་རྟགས་གསལ་གཏོང་གི་ཡོད།
དེ་བཞིན་དེ་སྔ་ཕྱི་རྒྱལ་རྩོམ་པ་པོ་ཁ་ཤས་ཀྱིས་བོད་བརྒྱུད་ནང་བསྟན་འདི་བླ་མའི་རིང་ལུགས་ Lamaism ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱི་འདུག་ཀྱང་དེ་ལྟར་མ་རེད། བོད་བརྒྱུད་ནང་བསྟན་འདི་རྒྱ་གར་དཔལ་ན་ལེནྡྲའི་ལྟ་གྲུབ་དྲི་མ་མེད་པའི་བཞེད་སྲོལ་ལ་ཁུངས་གཏུག་ནས་བྱུང་བ་ཡིན་པར་བརྟེན། བོད་མི་རྣམས་སློབ་མ་དང་རྒྱ་གར་ང་ཚོའི་བླ་མ་རེད། འཕགས་བོད་གཉིས་དབར་སྔར་ནས་བླ་སློབ་ཀྱི་འབྲེལ་བ་ཡོད། ང་ཚོ་ནི་རྒྱ་གར་གྱི་སློབ་དཔོན་ཁོང་རྣམ་པའི་ཡིད་བརྟན་འཕེར་བའི་སློབ་མ་ཞིག་ཆགས་ཡོད། དེང་སྐབས་རྒྱ་གར་གཞོན་སྐྱེས་ཁྲོད་སྲོལ་རྒྱུན་གྱི་རིག་གནས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་འདི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཆགས་ཡོད། ཅེས་བཀའ་སློབ་སྩལ། ལྷག་པར་༸གོང་ས་མཆོག་གིས་ཆོས་ཚོགས་དང་འབྲེལ་ནས་བཀའ་སློབ་ཕེབས་དོན།
ཆོས་ཚོགས་འདི་ནང་ཆོས་སློབ་གཉེར་བྱ་རྒྱུའི་བསྟི་གནས་ཁང་ཙམ་དུ་མ་བཞག་པར་ཆོས་ལུགས་འདྲ་མིན་དབར་བགྲོ་གླེང་དང་། ལྷག་པར་ཚན་རིག་པ་དང་ལྷན་བགྲོ་གླེང་བྱ་རྒྱུ་སོགས་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་སྐོར་ལམ་སྟོན་བཀའ་སློབ་དང་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ་དོན། ཡི་ཤུའི་བླ་ཆེན་ཉེ་ཆར་དབུས་ཤར་དུ་ཕེབས་ཏེ་ཨི་ཛི་རེལ་དང་པེ་ལེ་སི་ཏེན་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་དང་ཐུག་འཕྲད་གནང་བ་དང་། ཁོང་གིས་རྒྱལ་ཁབ་གཉིས་དབར་ཞི་བདེ་ཡོང་ཐབས་འབད་བརྩོན་དང་། གྲོས་བསྡུར། བར་འདུམ་གནང་བར་བསྔགས་བརྗོད་དང་། མགོན་པོ་གང་ཉིད་མཆོག་གིས་དུས་ཚོད་ནམ་བྱུང་ལ་ཆོས་ལུགས་ཁག་གི་གནས་ཆེན་ཁག་ལ་གནས་སྐོར་དུ་ཆིབས་སྒྱུར་བསྐྱངས་དང་སྐྱོང་མུས་ཡིན་སྐོར་བཀའ་ལན་སྩལ།
ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་ལུང་རྟོགས་ཆོས་འཁོར་གླིང་དགོན་པ་གསར་བཞེངས་བྱ་ཡུལ་ས་ཆར་རབ་གནས་མཛད་པ་མ་ཟད། བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་བླ་མ་ཙོང་ཁ་པའི་ཆོས་ཆོགས་ནང་ན་ལེནྡྲའི་ཕྱག་སྲོལ་འཛིན་སྐྱོང་སྤེལ་གསུམ་ཡོང་ཆེད་འབད་བརྩོན་ཧ་ཅང་ཆེན་པོ་གནང་བར་བསྔགས་བརྗོད་ཀྱང་མཛད་ཡོད།
དེ་རྗེས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། འཚེ་བའི་ལས་དེ་ཚང་མས་དངོས་སུ་མཐོང་རྒྱུ་ཡོད། འོན་ཀྱང་ཁོར་ཡུག་གནོད་སྐྱོན་གཏོང་བའི་འབྲས་བུ་དེ་ནི་དེ་མ་ཐག་ཏུ་མཐོང་རྒྱུ་མེད་པར་བརྟེན་ཚང་མས་ཡིད་གཟབ་བྱས་ནས་རང་གི་ཉིན་རེའི་མི་ཚེའི་ལས་དོན་ནང་ལས་ཀ་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་དགོས།ཞེས་སོགས་ཀྱི་བཀའ་ལན་སྩལ།