༢༠༡༤ ཟླ་ ༦ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་ཁུལ་གྱི་ཆོས་འབྲེལ་ཉིན་གསུམ་པའི་སྐབས་དད་ལྡན་སེར་སྐྱ་མང་ཚོགས་ ༦༠༠༠ བརྒལ་བར་སྤྱན་རས་གཟིགས་ཀྱི་དབང་མ་སྩལ་སྔོན་རིགས་རུས་དབྱེ་འབྱེད་བྱེད་རྒྱུ་མེད་སྐོར་ལམ་སྟོན་བཀའ་སློབ་ཕེབས་དོན། ང་ཚོས་རིགས་རུས་དབྱེ་འབྱེད་བྱེད་རྒྱུའི་ལམ་སྲོལ་དེ་འདོར་དགོས། སྤྱིར་བཏང་དེ་སྔ་རིགས་རུས་དབྱེ་འབྱེད་བྱེད་རྒྱུའི་ལམ་སྲོལ་ཞིག་རྒྱ་གར་ནང་ལོ་སྟོང་ཕྲག་གོང་ནས་ཡོད་པ་ཞིག་རེད་འདུག དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆེད་དུ་གཉེར་ནས་ངའི་ཆོས་དེར་ཞུགས་མཁན་ཚོར་རིགས་དང་རུས་མི་གཙོ་བར་སྒྲུབ་པ་གཙོ་བོ་ཡིན། ཞེས་གསུངས་ཡོད། དཔེར་བརྗོད་བསྐྱོན་ཏེ། བཅོམ་ལྡན་འདས་ཀྱི་གདུལ་བྱ་སློབ་མ་ཡིན་མཁན་གྱི་རྒྱལ་པོ་ཚོས་ཀྱང་རིགས་སྐྲ་འབྲེག་མཁན་ལས་བྱུང་བའི་ཉེ་བར་འཁོར་བའི་རྐང་པར་མགོ་བོ་བཏུད་དགོས། ཞེས་གསུངས་འདུག ཕྱི་ལོ་ ༡༩༥༦ ལོར་ཌོཀ་ཊར་ཨམ་བི་ཌེ་ཀས་ (Dr.Ambedkar) རིགས་དམན་བྲམ་ཟེར་མཐོང་ཆུང་ཁྱད་གསོད་བྱས་ཏེ་དཀའ་ངལ་འཕྲད་པ་རྣམས་ཀྱི་དོན་དུ་ཁོང་རང་ནང་པའི་ཆོས་ལ་བསྒྱུར་བ་གནང་བ་རེད།
དེར་བརྟེན་རྒྱ་གར་གྱི་རིགས་དམན་དེ་དག་གིས་ནང་པའི་ཆོས་ལ་ཞུགས་ཡོད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་ཆོས་ཀྱི་གནས་ཚུལ་ཤེས་ཀྱི་མེད་པ་རེད། ད་ལྟ་རྒྱ་གར་ནང་རིགས་དམན་ནང་ཆོས་ལ་ཞུགས་མཁན་ས་ཡ་ཁ་ཤས་ཡོད་འདུག དེ་དག་གིས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འགྲོ་སྟངས་ཞིབ་ཕྲ་གང་འདྲ་ཡིན་མིན་གྱི་འགྲེལ་བཤད་འདང་གི་མི་འདུག ཁོང་ཚོས་དོ་སྣང་བྱེད་ཀྱི་འདུག་ཀྱང་འདོད་པ་ཁེངས་པ་དང་ནུས་པ་ཐོན་པ་ཞིག་ད་དུང་ཡང་ཡོང་ཐུབ་ཀྱི་མི་འདུག དེ་བཞིན་བོད་ནང་གི་ས་ཁུལ་ཁག་གཅིག་ལ་རིགས་དམན་པ་མགར་བ་དང་བཤས་པ་ལྟ་བུ་ཡིན་ན་དགོན་པའི་སྒྲིག་ཁོངས་སུ་འཇུག་གི་མི་འདུག་ཅེས་ངོས་ཀྱིས་གོ་བྱུང།
དེ་དག་ནི་བཅོམ་ལྡན་འདས་ཀྱི་དགོངས་པ་དང་རྒྱབ་འགལ་ཕྱིན་ཡོད། སྔ་མོ་ངོས་རང་ལ་དྭགས་ལ་སླེབས་སྐབས། རྫ་རྔ་བཟོ་རྡུང་བྱེད་མཁན་རྣམས་རིགས་དམན་པར་བརྩིས་ཏེ་ཁ་ལག་སོགས་མཉམ་དུ་ཟ་གི་མེད་པ་མ་ཟད། ལྷག་པར་ཁོང་ཚོའི་ཁྱིམ་དུ་དགེ་འདུན་པ་འགྲོ་གི་མེད་པ་རེད། ཅེས་བཤད་བྱུང། སྐབས་དེར་ངོས་ཀྱིས་ཆེད་མངགས་རྫ་རྔ་བཟོ་རྡུང་བྱེད་མཁན་ཚོའི་འགྲམ་དུ་ཕྱིན་ཏེ་མཉམ་དུ་དཔར་བརྒྱབ་པ་ཡིན། འདི་ག་ཟངས་དཀར་ལ་ཡང་རིགས་དམན་གྱི་དབྱེ་འབྱེད་བྱེད་ཀྱི་ཡོད་པ་རེད། ཅེས་ངོས་ཀྱི་གོ་བྱུང། ལོ་གཅིག་ངོས་རང་འདི་གར་ཡོང་སྐབས་རིགས་དམན་ཚོར་དབྱེ་འབྱེད་གཏོང་རྒྱུ་མེད། ངོས་ལ་ཇ་དང་བག་ལེབ་རིགས་དམན་ཞིག་བསྐྱལ་བར་གཏོང་ཐུབ་ན་ཡག་པོ་འདུག ཅེས་བརྗོད་པ་ཡིན།
དེ་དུས་ཆོས་འཕེལ་བཟོད་པ་ཡང་ཡོད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ་ངོས་ཀྱིས་དེ་ལྟར་བརྗོད་ནས་དྲོད་མ་ཡལ་གོང་ཁྱེད་རང་ཚོས་འདི་གར་རིགས་མཐོ་དམན་གྱི་སྐད་ཆ་བཤད་དེ་རྙོག་གྲ་བྱུང་འདུག ཧ་ཅང་ཐབས་སྐྱོ་པོ་རེད། ངོས་ཀྱིས་བཤད་པར་མ་ཉན་པ་དང་ལག་ལེན་མ་བྱས་ན། ངོས་རང་འདི་གར་ཡོང་དགོས་དོན་མེད། ཁྱེད་རང་ཚོའི་འདོད་པར་གང་ཡོད་པ་ལྟར་བྱས་ན་ངོས་ཀྱིས་དེ་ལྟར་ཤོད་དགོས་དོན་མི་འདུག གལ་ཏེ་ངོས་ལ་ཡིད་ཆེས་དང་དད་པ་ཡོད་ན། ངོས་ཀྱིས་འདི་འདྲ་བྱོས་དེ་ལྟར་མ་བྱོས་ཞེས་པ་དེ་ལག་བསྟར་བྱེད་དགོས། དེ་མིན་དེ་རིང་འདི་གར་དབང་ཞུ་བཞིན་ཡོད། དབང་ཞུས་རྗེས་ད་དུང་ཁྱེད་རང་ཚོས་རིགས་རུས་དབྱེ་བ་འབྱེད་རྒྱུའི་གནས་ཚུལ་དེ་རིགས་མུ་མཐུད་ལག་བསྟར་བྱས་ན་བླ་མའི་བཀའ་དང་འགལ་བ་མ་ཟད། དམ་ཚིགས་ཉམས་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་རིགས་རུས་དབྱེ་བ་མེད་པར་གསུངས་ཡོད། དེ་རིང་འདི་གར་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་བྱེད་ཀྱི་ཡོད། འཕགས་པ་སྤྱན་རས་གཟིགས་ནི་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་རེད།
དེར་བརྟེན་མིའི་སྤྱི་ཚོགས་ནང་ཉམ་ཐག་པ་ཚོར་དམིགས་བསལ་ལྟ་རྟོག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་རིང་ཁྱེད་རང་ཚོ་རིགས་དམན་རྣམས་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོའི་ཐོག་སྒང་ལ་ཤོག་ཅེས་ངོས་ཀྱིས་བརྗོད་པ་ཡིན། གནས་ཚུལ་དེ་ལྟར་རེད། ཁྱེད་རང་ཚོས་མ་ཐོས་པ་དང་སྣང་ཆུང་བཏང་བ་ལྟ་བུ་བྱས་ན་ཡག་པོ་མེད། ཅེས་སོགས་ཀྱི་བཀའ་སློབ་དང་སྤྱན་རས་གཟིགས་ཀྱི་དབང་སྩལ་ཏེ་ཁུལ་དེའི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ལེགས་པར་གྲུབ་མཚམས་ཁུལ་དེའི་སྨན་རྩིས་ཁང་དང་ལམ་སྒྲོན་སློབ་གྲྭ དེ་བཞིན་ཁ་ཆེའི་མི་རིགས་ ༢༠༠༠ བརྒལ་བ་རྣམས་ལ་མཇལ་ཁ་སྩལ་ཡོད་འདུག