༢༠༡༤ ཟླ་ ༦ ཚེས་ ༣ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མཧཱ་ར་ཤེ་ཊ་ (Maharashtra) མངའ་སྡེའི་རྒྱལ་ས་མུམ་བྷེའི་ (Mumbai) ནང་རྒྱ་གར་དད་ལྡན་པ་རྣམས་ལ་ཉིན་བཞིའི་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་དྲུག་པ་དང་བརྒྱད་པ། དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་སོགས་ཀྱི་ཆོས་འབྲེལ་གྱི་ཉིན་མཐའ་མ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢ ཉིན་མགོན་པོ་གང་ཉིད་མཆོག་གིས་སྔ་དྲོའི་ཆོས་ཐུན་སྐབས་སློབ་ཕྲུག་ཚོར་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་གཞོན་སྐྱེས་སློབ་ཕྲུག་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཁྱེད་རང་ཚོས་འདས་པའི་དུས་རབས་ལས་ལེགས་ཉེས་ཀྱི་བསླབ་ཆ་བླང་སྟེ། མ་འོངས་པ་དང་ད་ལྟའི་དུས་རབས་འདི་བཞིན་ཞི་བདེ་ལྡན་པ་ཞིག་ཡོང་ཐབས་ལ་འབད་བརྩོན་ཤུགས་ཆེ་ཙམ་བྱེད་དགོས། སྤྱིར་བཏང་སྤྱི་ཚོགས་ནང་ཕྲད་དང་འཕྲད་མུས་ཀྱིས་དཀའ་ངལ་རྣམས་ང་ཚོ་འགྲོ་བ་མིས་བཟོས་པ་ཤ་སྟག་ཆགས་ཀྱི་ཡོད། དེ་བཞིན་དཀའ་ངལ་དེ་དག་ཀྱང་འགྲོ་བ་ཡོངས་ཀྱི་དཀའ་ངལ་ཞིག་ཆགས་ཀྱི་ཡོད་སྟབས། ཆོས་ལུགས་འདྲ་མིན་ཐོག་ནས་སྨོན་ལམ་རྒྱག་རྒྱུ་ཙམ་མ་ཡིན་པར། མིའི་རྣམ་དཔྱོད་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་འཛམ་གླིང་གི་ས་ཕྱོགས་གང་དུ་བསྐྱོད་ཀྱང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད་པ་མ་གཏོགས། ཆོས་ལུགས་བྱེ་བྲག་པ་གཅིག་ཡག་ཤོས་ཡིན་སྐོར་དུས་ནམ་ཡང་བརྗོད་ཀྱི་མེད། སྤྱིར་ཆོས་ཞེས་པ་ནི་བྱམས་པ་དང་བརྩེ་བ་ཉམས་ལེན་བྱ་རྒྱུར་གོ་དགོས། ཆོས་ལུགས་ཚང་མའི་ནང་ཕལ་ཆེར་བསྟན་བྱ་གཅིག་མཚུངས་ཡིན་རུང་། ཆོས་ཉམས་ལེན་བྱེད་ཡུལ་བསྟི་གནས་ཁག་ནས་ཆོས་ཀྱི་ལྟ་སྤྱོད་སྤེལ་སྟངས་ལ་ཁྱད་པར་བྱུང་སྲིད་པ་ཡིན་སྟབས། ཆོས་ཞུ་བ་མང་ཚོགས་ངོས་ནས་ག་དུས་ཡིན་རུང་བླ་སློབ་འབྲེལ་བའི་ཐོག་ནས་ཆོས་ཞུ་སྐབས། བཤེས་གཉེན་བསྟེན་ཚུལ་ལ་གོ་རྟོགས་དགོས་པ་མ་ཟད། ངེས་པར་དུ་བརྟག་དཔྱད་གཟབ་ནན་བྱས་ཏེ་བཤེས་གཉེན་བསྟེན རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད།
ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་རྣམ་པར་དྲི་བའི་གོ་སྐབས་གསོལ་རས་སྩལ་བ་ལྟར། སློབ་ཕྲུག་བུད་མེད་ཅིག་གིས་འཛམ་གླིང་ནང་དཀའ་སྡུག་མྱོང་བཞིན་པའི་མི་རིགས་རྣམས་ནས་ཚོགས་གསོག་སྒྲིབ་བྱང་གང་འདྲ་བྱེད་དགོས་སྐོར་གྱི་དྲི་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། སྡུག་སྦྱོང་ལས་ངན་པ་བཀོལ་སྤྱོད་བྱེད་མཁན་གང་ཟག་དང་ལས་ངན་གཉིས་དབྱེ་བ་གསལ་པོ་ཕྱེ་སྟེ། ལས་ངན་སྤྱོད་མཁན་གྱི་གང་ཟག་དེར་སྙིང་རྗེའི་ཡུལ་དུ་བལྟས་ཏེ། ལས་ངན་པའི་བྱ་སྤྱོད་ལ་གདོང་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་ལན་སྩལ་ཡོད་པ་མ་ཟད། ཉིན་རྒྱབ་དད་ལྡན་ཆོས་ཞུ་བ་རྣམ་པའི་དོགས་འདྲི་ཁག་ལ་ཡང་བཀའ་ལན་སྩལ་འདུག ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་མགོན་པོ་གང་ཉིད་མཆོག་ཁུལ་དེ་ནས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཆུ་ཚོད་ ༡༠ །༥༠ ཐོག་ཆིབས་སྒྱུར་བསྐྱངས་སྐབས་དད་ལྡན་མི་མང་སོགས་ནས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག་པ་བཅས། །