༢༠༡༤ ཟླ་ ༥ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་བཞི་པའི་མཇུག་བསྡོམས་མཛད་སྒོ་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༧ ཉིན་ལེགས་པར་གྲུབ་མཚམས། ཕྱི་ཟླ་ ༥ ཚེས་ ༨ ནས་ ༡༢ བར་དེ་ཁུལ་གཏན་ཉིན་སློབ་གྲྭ་ཁག་བཞི་ནང་འཚམས་གཟིགས་གནང་རྒྱུའི་ལས་འཆར་ཡོད་པ་ལྟར། ཕྱི་ཚེས་ ༨ སྔ་དྲོ་རྡོར་གླིང་གཏན་སློབ་ཏུ་གཟིགས་སྐོར་སྐབས་དགེ་ལས་སློབ་ཕྲུག་དང་མི་མང་བཅས་ལ་བླང་དོར་གྱི་གསུང་བཤད་གནང་དོན།
རྒྱ་གར་དབུས་གཞུང་ནས་བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་རྩིས་སྤྲོད་གནང་རྒྱུའི་ཐུགས་ཐག་བཅད་ཟིན་ཀྱང་། ད་ཆ་གཞན་དབང་སྟབས་བསྟུན་གྱིས་སློབ་གྲྭ་ཆ་ཚང་རྩིས་སྤྲོད་གནང་རྒྱུ་ཕྲན་བུ་འགོར་འགྱངས་སུ་འགྱུར་སྐབས་དགེ་ལས་རྣམས་ལ་ཐུགས་སྟབས་བདེ་མིན་གྱིས་སྐུ་ངལ་འཕྲད་བཞིན་པར་ཤེས་རིག་ལས་ཁུངས་ནས་བཟོད་གསོལ་ཞུ་རྒྱུ་དང་སྦྲགས། ང་ཚོ་ཚང་མའི་དམིགས་ཡུལ་གཙོ་བོ་ནི་བོད་ཕྲུག་རྣམས་ལ་ཤེས་ཡོན་སློབ་གསོ་ཚད་ལྡན་སྤྲོད་རྒྱུ་གཅིག་གྱུར་ཡིན་སྟབས། དེའི་ཐོག་ནམ་ཡང་འཐུས་ཤོར་མི་ཡོང་བ་གནང་གལ་ཆེ་བ་མ་ཟད། སློབ་ཕྲུག་རྣམས་ནས་ཀྱང་སྒྲིག་སྤྱོད་གཙང་གསུམ་ལྡན་པའི་ཐོག་ནས་ཤེས་ཡོན་སློབ་སྦྱོང་ཐད་སྦྱང་བརྩོན་ལྷོད་མེད་གནང་དགོས་པ་དང་། མ་འོངས་པའི་མདུན་ལམ་འདེམས་ཕྱོགས་ཐོག་ལའང་ཤེས་རིག་ལས་ཁུངས་ཀྱིས་ལས་འགུལ་སྣ་མང་སྤེལ་བཞིན་པར་ཐུགས་སྣང་གནང་དགོས་ཞེས་གསུངས་པ་མ་ཟད། ཕྲུ་གུའི་ཕ་མར་མཚོན་ན་ང་ཚོའི་སྤྱི་ཚོགས་ནང་ཕ་མའི་ངོས་ནས་རང་ཉིད་ཀྱི་ཕྲུ་གུའི་ཤེས་ཡོན་ཐོག་དོ་སྣང་གནང་མཁན་དཀོན་པོ་ཡོད་པའི་སྣང་ཚུལ་ཞིག་འབྱུང་བཞིན་ཡོད་ཀྱང་། རྡོར་གླིང་གཏན་སློབ་ཀྱི་དགེ་རྒན་ཕ་མའི་ཚོགས་ཆུང་སོགས་ཚོགས་པ་ཁག་ནས་ཕྲུ་གུའི་ཤེས་ཡོན་ཐོག་དོ་སྣང་གནང་ནས་འགན་ལེན་བཞིན་ཡོད་ཚོད་འདུག་པས་བསྔགས་བརྗོད་ཞུ་འོས་སུ་མཆིས་པ་དང་། མཐའ་དོན་རྡོར་གླིང་གཏན་སློབ་ཀྱི་དགེ་ལས་རྣམས་ནས་ཕྲུ་གུའི་ཤེས་ཡོན་ཐོག་ད་བར་ཐུགས་ཁུར་ཆེ་བཞེས་གནང་ཡོད་པ་ལྟར་མུ་མཐུད་གནང་དགོས་སྐོར་གསུངས། རྡོར་གླིང་གཏན་སློབ་ཀྱི་སྔ་དྲོའི་འདུ་འཛོམས་ཀྱི་མཛད་སྒོ་གྲུབ་མཚམས་སློབ་གྲྭའི་སྡེ་ཚན་ཁག་དང་འཛིན་ཁང་བཅས་ལ་འཚམས་གཟིགས་གནང་བ་མ་ཟད་དགེ་སློབ་ཁག་ཅིག་ལ་འདྲི་བརྩད་སོགས་ཀྱང་གནང་ཡོད་པ་རེད།
ཕྱི་ཚེས་ ༨ ཉིན་རྒྱབ་ཆུ་ཚོད་ ༡ ཐོག་སྤོག་རེ་སྦོང་སཾ་བྷོ་ཊ་ཉིན་སློབ་ཏུ་ཕྱོགས་ཐོན་གྱིས་སློབ་གྲྭའི་དགེ་ཆེ་ཉི་མ་ཚེ་རིང་ལགས་ནས་ཕེབས་བསུ་གནང་རྗེས་སློབ་ཕྲུག་རྣམས་ནས་དབུགས་སྦྱོང་ (Yoga) ཁག་ཅིག་སྤྱན་འབུལ་ཞུས་པ་དང་། སློབ་གྲྭའི་འཛིན་ཁང་གཟིགས་ཞིབ་དང་འབྲེལ་སློབ་ཁྲིད་གནང་མཁན་དགེ་རྒན་ཁག་གཅིག་ལ་སློབ་ཁྲིད་དང་འབྲེལ་བའི་གནད་དོན་ཐད་འདྲི་བརྩད་གནང་། དེ་ནས་སློབ་གྲྭའི་སྡེ་ཚན་ཁག་འཚམས་གཟིགས་གནང་རྗེས་སློབ་ཕྲུག་རྣམས་ནས་རིག་གཞུང་འཁྲབ་སྟོན་དང་། སུམ་རྟགས་དང་བརྡ་དག་ཐོག་རིགས་ལམ་སྤྱན་འབུལ་ཞུས་མཚམས། ཤེས་རིག་དྲུང་ཆེས་དགེ་ལས་རྣམས་ལ་སློབ་ཕྲུག་གི་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་སོགས་ཀྱི་ཐད་སྔར་ལྟར་ཐུགས་ཁུར་ཆེ་བཞེས་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་།
ཕྱི་ཚེས་ ༩ སྔ་དྲོ་ཀ་སྦུག་ཏུ་འབྱོར་འཕྲལ་སློབ་གྲྭར་འཚམས་གཟིགས་སུ་ཕྱོགས་ཐོན་གནང་ཞིང་། སློབ་ཕྲུག་རྣམས་ནས་སྔ་དྲོའི་འདུ་འཛོམས་སར་བྱེད་སྒོ་སྣ་མང་སྤྱན་འབུལ་ཞུས་མཚམས། ཤེས་རིག་དྲུང་ཆེས་ཀ་སྦུག་གཏན་སློབ་ཀྱི་སློབ་སྤྱི་ཞིང་གཤེགས་དམ་པ་སྐལ་བཟང་བསྟན་འཛིན་ལགས་ཀྱི་བཀའ་དྲིན་རྗེས་དྲན་སླད་སྐར་མ་ ༡ རིང་ངག་བཅད་མྱང་ངན་གུས་འདུད་གནང་རྗེས། སློབ་ཕྲུག་རྣམས་ལ་ཤེས་ཡོན་ཐོག་འབད་བརྩོན་ཆེར་བསྐྱེད་ཀྱིས་མ་འོངས་པར་སློབ་མཐར་སོན་རྗེས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་སྒྲུབ་མཁན་རྣམ་དག་ཅིག་གནང་དགོས་པ་མ་ཟད། དགེ་ལས་རྣམ་པའི་ཞལ་ལ་ཉན་འཇོག་ཡག་པོ་གནང་དགོས་པ་སོགས་ཀྱི་སྐོར་གསུངས། གཞན་ཡང་འདི་གའི་གཏན་སློབ་ཀྱི་དགེ་ལས་རྣམས་ནས་སློབ་ཕྲུག་གི་ཤེས་ཡོན་སློབ་སྦྱོང་ཐད་དེ་སྔ་ཡང་ལྷག་བསམ་རྣམ་དག་གནང་ཡོད་པ་མ་ཟད། མུ་མཐུད་ཐུགས་ཁུར་ཆེར་བསྐྱེད་གནང་རོགས་ཞེས་གསུངས། དེ་རྗེས་དགེ་ལས་ལྷན་དུ་ཚོགས་འདུ་དང་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་ཚོའི་མཉམ་དུ་དྲི་བ་དྲིས་ལན་གནང་། ད་ལྟའི་ཆར་ཀ་སྦུག་གཏན་སློབ་ཏུ་སློབ་སྤྱི་གསར་པ་བསྐོ་གཏོང་མ་གནང་གི་བར་རེག་ཊར་ནས་སློབ་སྤྱིའི་ལས་དོན་གཅིག་ལྕོགས་གནང་གི་ཡོད་པ་དང་། དེ་སྔ་སློབ་གྲྭ་འདི་ཉིད་ཀྱི་མཚན་སྙན་ཡག་པོ་ཡོད་སྟབས་སྙན་གྲགས་དེ་མུ་མཐུད་གནས་པར་དགེ་ལས་རྣམས་ནས་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་རེ་བསྐུལ་གནང་།
ཕྱི་ཚེས་ ༩ ཉིན་རྒྱབ་ཀ་སྦུག་མི་མང་རྣམས་ལ་བོད་ཀྱི་མི་རིགས་དང་རིག་གཞུང་གི་གོམས་གཤིས་བཟང་པོ་རྣམས་ངོ་སྤྲོད་དང་སྦྲགས། རྒྱ་གར་ནང་བོད་པའི་སློབ་གྲྭ་ཟུར་འཛུགས་གནང་དགོས་པའི་དགོངས་གཞི་བླ་ན་མེད་པའི་སྐོར་གསུངས་ཏེ་ད་ཆ་བོད་པའི་སློབ་གྲྭ་ཁག་ནང་བོད་ཕྲུག་སློབ་འཇུག་གནང་མཁན་ཇེ་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་རྣམས་གསུངས་ཏེ། ང་རང་ཚོའི་སྤྱི་ཚོགས་ནང་སྒེར་གྱི་འགྲོ་གྲོན་འོག་ཨིན་ཇིའི་སློབ་གྲྭ་སོགས་སུ་གཏོང་མཁན་མང་པོ་ཡོད་པས། ཁོང་ཚོར་མ་འོངས་པར་དགོས་ངེས་ཀྱི་བོད་ཀྱི་སྐད་དང་རིག་གཞུང་གི་དྲི་མ་མེད་པར་བོད་པའི་སྤྱི་ཚོགས་ནས་ཟུར་དུ་འབུད་པ་ལྟ་བུའི་ཆགས་ཉེན་ཡོད་པས་དེའི་ཐོག་ཕ་མ་རྣམས་ནས་ཐུགས་སྣང་གནང་དགོས་པ་དང་། ང་ཚོའི་ཕྲུ་གུ་ཚོར་ཤེས་ཡོན་སྤྲད་པ་ཙམ་མ་ཟད་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་ཅན་ཞིག་བཟོ་དགོས་པ་ལས་དེ་མིན་ཨིན་ཇིའི་སློབ་གྲྭ་གྲགས་གྲས་ནང་བཏང་སྟེ་སོ་སོའི་སྐད་ཡིག་རིག་གཞུང་བཟང་པོ་རྣམས་རྒྱང་དུ་དོར་བ་ལྟ་བུ་ཞིག་ཆགས་ཚེ་བློ་ཕམ་གྱི་གནས་སུ་མཆིས་པས། ང་ཚོ་བོད་པ་ཚོས་ཨིན་ཇི་མ་ཤེས་ཀྱང་དེ་ཙམ་གྱིས་ངོ་ཚའི་གནས་མ་ཡིན་ཡང་། བོད་པས་བོད་ཀྱི་སྐད་ཡིག་མ་ཤེས་ན་ཆེས་ངོ་ཚའི་གནས་ཡིན་པ་སོགས་ཀྱི་སྐོར་གསུངས་རྗེས། མི་མང་ཁག་ཅིག་གིས་སློབ་གྲྭ་དང་འབྲེལ་བའི་སྐོར་དོགས་འདྲི་གནང་བར་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་གནད་དོན་འགྲེལ་བརྗོད་ཁ་གསལ་དོན་གསལ་གནང་སྟེ་མང་ཚོགས་ནས་འདོད་བློ་ཁེངས་པའི་རྣམ་འགྱུར་བསྟན་ཡོད་པ་རེད། དེ་ནས་ཕྱི་དྲོ་ནང་སྲིད་ཁྱབ་ཁོངས་ཀ་སྦུག་གཡུ་ལོ་བཀོད་པའི་རྒས་གསོ་ཁང་དུ་འཚམས་གཟིགས་ཀྱིས་རྒས་འཁོགས་རེ་རེར་འཚམས་འདྲི་བཀའ་མོལ་དང་ཁ་འདོན་དགེ་སྦྱོར་ཡག་པོ་གནང་དགོས་སྐོར་བཀའ་སློབ་གནང་།
ཕྱི་ཚེས་ ༡༢ སྔ་དྲོ་ར་སྦང་ལ་ཀུན་ཕན་གླིང་ཉིན་སློབ་ཏུ་འཚམས་གཟིགས་དང་དེ་རྗེས་ཕྲུ་གུའི་ཕ་མ་དང་མང་ཚོགས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།