ཟླ་ ༥ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །རྒྱལ་སྤྱིའི་ཆོས་དད་རང་དབང་ཐོག་རྟོག་ཞིབ་གནང་མཁན་ཨ་རིའི་ཚོགས་ཆུང་(USCIRS) ཞེས་པ་ནས་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་ཕྱི་ལོ་ ༢༠༡༤ ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་རྒྱ་ནག་གཞུང་ནས་བོད་ནང་གི་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་སྐོར་གསལ་སྟོན་གནང་འདུག སྙན་ཐོ་དེའི་ནང་འཛམ་གླིང་གི་རྒྱལ་ཁབ་མང་དག་ཅིག་ནང་ཆོས་དད་རང་དབང་མེད་པའི་ཐོག་བརྟག་དཔྱད་ཞིབ་འཇུག་གནང་སྟེ་དམིགས་བསལ་བློ་འཚབ་བྱེད་ཡུལ་གྱི་རྒྱལ་ཁབ་ཁག་གཅིག་ཟུར་འདོན་གནང་གི་ཡོད་པ་ལྟར། ཐེངས་འདིའི་སྙན་ཐོའི་ནང་རྒྱ་ནག་གཞུང་ནས་བོད་བརྒྱུད་ནང་བསྟན་དང་ཤིང་ཅང་ཡུ་གུར་སོགས་ཀྱི་ཆོས་དད་རང་དབང་ཐོག་སྔར་ལྷག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་སྐོར་གསལ་སྟོན་གནང་འདུག
གནས་ཚུལ་དེའི་སྐོར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་རྟོག་ཞིབ་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་བརྒྱུད་ལམ་ཁག་གཅིག་ནང་འགྲེལ་བརྗོད་གནང་གསལ། བོད་ནང་གི་ཆོས་དད་རང་དབང་ཐོག་གི་གནས་ཚུལ་ལ་ཆ་བཞག་ན། རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་མ་བཟོད་པར་རང་ལུས་མེར་སྲེག་གི་གནས་ཚུལ་གཅིག་མཇུག་གཉིས་མཐུད་འབྱུང་བཞིན་ཡོད། རྒྱ་ནག་གཞུང་ནས་བོད་ནང་གི་ཆོས་དད་རང་དབང་དང་ཆབ་སྲིད་ཐོག་དམ་བསྒྲགས་བྱས་པར་བོད་མིས་ཞི་རྒོལ་བྱེད་སྐབས། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་དགེ་བཙུན་རྣམས་དོན་མེད་འཛིན་བཟུང་བྱས་དང་བྱེད་མུས་ཡིན་འདུག ཅེས་སོགས་འགྲེལ་བརྗོད་གནང་འདུག་པ་བཅས། །