༢༠༡༤ ཟླ་ ༥ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༦ ཕྱེད་ཡོལ་ཆུ་ཚོད་ ༦ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་སྲིད་འཛིན་ཕོ་བྲང་གི་མདུན་ཐང་དུ་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུའི་ནང་མང་མོས་རྒྱལ་ཁ་ཆེན་པོ་ཐོབ་ནས་རྒྱ་གར་གྱི་སྲིད་བློན་དུ་བསྐོ་གཞག་བྱུང་བ་སྐུ་ཞབས་ན་རེན་དྲ་མོ་དི་མཆོག་གི་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་གནང་ཡོད་པ་མ་ཟད། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཀྱང་ལྷན་བཅར་ཞུས་འདུག
དེ་ཡང་སྐུ་ཞབས་མོ་དི་མཆོག་རྒྱ་གར་གྱི་སྲིད་འཛིན་པར་ནབ་མུ་ཁར་ཇི་མཆོག་ (Pranab Mukherjee)གི་མདུན་ནས་དམ་འབུལ་ཞུས་རྗེས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་སྐབས་ ༡༦ རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་ནས་རྒྱ་གར་གྱི་སྲིད་བློན་སྐབས་ ༡༥ པ་ཆགས་ཡོད། སྐུ་ཞབས་ན་རེན་དྲ་མོ་དི་མཆོག་གིས་དབུ་ཁྲིད་པའི་སྲིད་གཞུང་གསར་པའི་བཀའ་བློན་ ༤༥ བསྐོ་གཞག་གནང་ཡོད།
ཐེངས་འདིར་རྒྱ་གར་གྱི་སྲིད་བློན་གསར་པའི་དམ་འབུལ་མཛད་སྒོའི་ཐོག་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་གྱི་སྲིད་བློན་ན་ཝ་ཛི་ཤ་རིབ་ (Nawaz Sharif) མཆོག་དང་། ཤྲི་ལངྐཱའི་སྲིད་འཛིན་མ་ཧིནྡཱ་རཱཇཱ་པཀ་ཤ་ (Mahinda Rajapaksa) མཆོག ཨབ་གྷན་གྱི་སྲིད་འཛིན་ཧ་མི་དི་ཁར་ཛ་ཡི་ (Hamid Karzai) མཆོག བལ་ཡུལ་གྱི་སྲིད་བློན་སུ་ཤིལ་ཀོ་ཡེ་ར་ལ་( Sushil Koirala)མཆོག འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག མོ་རི་ཤ་སི་ (Mauritius) སྲིད་བློན་ནཱ་བིན་རཱམ་གྷུ་ལམ་ (Navin Ramgoolam) མཆོག མལ་ཌིབ་སི་ (Maldives) ཡི་སྲིད་འཛིན་ཨབ་དུལ་གྷ་ཡུམ་ (Abdulla Yameen Abdul Gayoom) མཆོག བྷང་ག་དེ་ཤིའི་སྲིད་བློན་གྱི་སྐུ་ཚབ་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ཤི་རིན་ (Shirin Chaudhury) མཆོག་བཅས་མཉམ་ཞུགས་གནང་ཡོད།