༢༠༡༤ ཟླ་ ༥ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ན་རེན་དྲ་མོ་དི་ (Narendra Modi) མཆོག་ལ་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུའི་ནང་རྒྱལ་ཁ་ཆེན་པོ་ཐོབ་པར་འཚམས་འཕྲིན་སྩལ་བའི་ནང་། ངོས་ཀྱིས་རྒྱུན་ལྡན་རྒྱ་གར་ནི་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་དང་སྲོལ་རྒྱུན་ནས་དར་བའི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་ལྷོ་ཨེ་ཤི་ཡའི་ནང་བརྟན་ལྷིང་ལྡན་པའི་རྒྱལ་ཁབ་གཅིག་ཡིན་པ་དང་། རྒྱ་གར་ནང་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་སོགས་འདྲ་མིན་སྣ་ཚོགས་ཆིག་སྒྲིལ་དང་འཆམ་མཐུན་ངང་གནས་ཐུབ་བཞིན་ཡོད་པར་བརྟེན། འཛམ་གླིང་རྒྱལ་ཁབ་གཞན་ཚོས་མིག་དཔེ་ལྟ་དགོས་པ་ཞིག་ཡིན། ཞེས་སྤོབས་སེམས་ཆེན་པོའི་ཐོག་ནས་རྗོད་བཞིན་ཡོད། ཅེས་སོགས་ཀྱི་གསུང་འཕྲིན་སྩལ་བར་སྐུ་ཞབས་ན་རེན་དྲ་མོ་དི་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུས་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཕྲན་རང་ལ་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུའི་ནང་རྒྱལ་ཁ་ཆེན་པོ་ཐོབ་པར་འཚམས་འཕྲིན་སྩལ་བ་དང་འབྲེལ། ངའི་ལས་དོན་ཞུ་སྒོའི་ཐོག་བགེགས་བར་མ་ཡོང་བའི་ཐུགས་སྨོན་མཛད་པར། ངས་སྐུ་ཉིད་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཁོང་སྐུ་སྒེར་གྱི་ཊུ་ཝི་ཊར་ཐོག་གསུངས་སྐོར་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་འདུག
སྤྱིར་བཏང་རྒྱ་གར་གྱི་སྲིད་བློན་གསར་པ་ཆགས་ལ་ཉེ་བའི་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ན་རེན་དྲ་མོ་དི་མཆོག་གི་ཕྱི་ཚེས་ ༢༦ ཉིན་སྲིད་བློན་གྱི་དམ་འབུལ་བཞེས་རྒྱུའི་གཞུང་འབྲེལ་མཛད་སྒོ་འཚོགས་རྒྱུ་ཡིན་འདུག་པ་བཅས། །