༢༠༡༤ ཟླ་ ༥ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇར་མན་གྲོང་ཁྱེར་ཕེ་རེང་ཕོ་ཊིར་(Frankfurt) ཆིབས་སྒྱུར་བསྐྱངས་ཡོད་འདུག དེ་ཡང་ཇར་མན་གྲོང་ཁྱེར་ཕེ་རེངྐ་ཕོར་ཌིའི་ནང་རྟེན་གཞི་བྱས་པའི་ཇར་མན་བོད་ཁང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ། ༸གོང་ས་མཆོག་གོང་ཚེས་ཉིན་ཇར་མན་གྲོང་ཁྱེར་དེའི་ནང་ཆིབས་བསྒྱུར་གྱིས་ཕྱི་ཚེས་ ༡༦ བར་མཛད་འཕྲིན་བསྐྱང་འཆར་ཡོད་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་བོད་ཁང་དུ་༸ཞབས་སོར་འཁོད་སྐབས་༸གོང་ས་མཆོག་ལ་ཧེ་སེན་(Hessen)མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཝོལ་ཀར་བྷོ་ཕར་ Mr. Volker Bouffierམཆོག་གིས་གཙོས་ཇར་མན་སྲིད་དོན་འགོ་ཁྲིད་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་དང་མཇལ་ཁ་ཞུས་ཡོད།
ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེར་མཛད་འཕྲིན་གཙོ་བོ་རྣམས་ནི་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་གསར་འགོད་པ་དང་ལྷན་མཇལ་འཕྲད་མཛད་རྒྱུ་དང་། དེ་ཉིན་གྱི་ཕྱེད་ཡོལ་དུ་ཕ་ར་པོར་ཊི་ Fraport Arena ཞེས་པའི་རྩེད་རྭའི་ནང་མང་ཚོགས་ལ་དྲན་ཤེས་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག དེ་ནས་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་ཇར་མན་ནང་གནས་སྡོད་བོད་རིགས་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་རྒྱུ་མ་ཟད།
ཇར་མན་བོད་ཁང་གིས་གོ་སྒྲིག་འོག་ཕེ་རེངྐ་ཕོ་ཌིའི་ནང་ཡོད་པའི་ཡི་ཤུའི་ལྷ་ཁང་ཞིག་གི་ནང་༸གོང་ས་མཆོག་གིས་ཁུལ་དེའི་སློབ་གྲྭ་ཁག་འདྲ་མིན་ནས་ཡིན་པའི་སློབ་ཕྲུག་ཁྱོན་གྲངས་ ༩༠༠ བརྒལ་བར་གོ་ལ་གཅིག་འགྱུར་གྱི་ནང་བཟང་སྤྱོད་ཉམས་ལེན་བྱེད་ཚུལ་ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱེད་ཡོལ་ཇར་མན་བོད་ཁང་དང་། གོ་ཐེ་གཙུག་ལག་སློབ་ཁང་ Goethe University གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་ཆོས་ལུགས་ཀྱི་རྒྱ་ལས་འདས་པའི་བཟང་སྤྱོད་ ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གྲུབ་མཚམས། ཡི་ཤུའི་བླ་ཆེན་སི་ཊི་ཕན་ཨཀ་ཀར་མན་ Bishop Dr. Stephan Ackermann ལགས་དང་། གོ་ཐེ་གཙུག་ལག་སློབ་ཁང་གི་སློབ་དཔོན་མཁས་དབང་རེ་ནར་ཕོར་སི་ཊི་ Prof. Dr. Rainer Forst ལགས་རྣམ་གཉིས་དང་ལྷན་བགྲོ་གླེང་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༡༦ ཉིན་༸གོང་ས་མཆོག་རྒྱ་གར་ལ་ཆིབས་ཞལ་མ་བསྒྱུར་གོང་ German Speakers Associationཞེས་པའི་ཚོགས་པས་མགོན་པོ་གང་ཉིད་མཆོག་ལ་ཕྱི་ལོ་ ༢༠༡༤ ལོའི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་ཡིན་འདུག