༢༠༡༤ ཟླ་ ༥ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མུམ་བྷེར་རྟེན་གཞི་བྱས་པའི་ན་ལེནྡྲ་ཤི་ཀི་ཤ་ (Nalanda Shiksha) ཞེས་རྒྱ་གར་ནང་པའི་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། མགོན་པོ་གང་ཉིད་མཆོག་དང་སྐུ་འཁོར་ལྷན་རྒྱས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༡༥ ཐོག་བཞུགས་སྒར་ཕོ་བྲང་ནས་ཆིབས་སྒྱུར་བསྐྱངས་སྐབས་རྡ་ས་ཁུལ་དུ་གནས་སྡོད་སེར་སྐྱ་མི་དམངས་རྣམ་པས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་སོགས་ཐོགས་ཏེ་ཕེབས་སྐྱེལ་ཞུས་འདུག
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༦ ཚེས་ ༢ བར་ཉིན་གྲངས་བཞིའི་རིང་རྒྱ་གར་ (Maharashtra) མཧཱ་ར་ཤེ་ཊ་མངའ་སྡེའི་རྒྱལ་ས་ (Mumbai) མུམ་བྷེའི་ནང་རྟེན་གཞི་བྱས་པའི་སོ་མ་ཡའི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་ནང་པའི་དད་ལྡན་པ་ཁག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་དྲུག་པ་དང་བརྒྱད་པ། དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་སོགས་ཀྱི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག་པ་བཅས། །