༢༠༡༤ ཟླ་ ༥ ཚེས་ ༩ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་ཝེར་མཛད་འཕྲིན་སྐྱོང་བཞིན་ཡོད་ཁོངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༨ ཉིན་གྱི་ཕྱི་དྲོ་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་ཁུལ་དེར་༼གང་ཟག་སྒེར་གྱི་ལུས་ངག་ཡིད་གསུམ་གྱི་བླང་དོར་སྤྱོད་ཚུལ་ལ་འགྱུར་ལྡོག་༽ ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་དང་སློབ་ཕྲུག་ལྷན་བགྲོ་གླེང་མཛད་འདུག
སྐབས་དེར་ནོར་ཝེའི་སློབ་ཕྲུག་ཁག་གཅིག་གིས་སྤྱི་ཚོགས་དང་ཁོར་ཡུག ཚན་རིག་ཡར་རྒྱས་ཤུགས་ཆེན་འགྲོ་བཞིན་པ་དེས་མིའི་ལུས་སེམས་ལ་དཀའ་ངལ་བཟོ་བཞིན་ཡོད་སྐོར་དང་། ལྷག་པར་དེང་སྐབས་བཟའ་བཅའ་ཁག་ནང་རྫས་རིགས་སྣེ་མང་བསྲེས་ལྷད་བཏང་སྟེ། མིའི་གཟུགས་གཞིར་ནད་རིགས་མང་དག་ཅིག་ཡོང་དང་ཡོང་མུས་ཡིན་སྐོར་སོགས་ཀྱི་ཐོག་བཀའ་དྲི་དགོངས་སྐོར་ཞུས་འདུག
དེ་ཡང་ཐོག་མར་སློབ་ཕྲུག་གཅིག་གི་ཁོར་ཡུག་དང་འབྲེལ་བའི་དྲི་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། སྤྱིར་བཏང་ཨ་རི་དང་ཨོ་སི་ཊོ་ལི་ཡ་སོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོས་དེང་དུས་ཀྱི་ཚན་རིག་ལག་རྩལ་བེད་སྤྱོད་བཏང་སྟེ་རྒྱ་མཚོའི་ཆུ་གཙང་བཟོས་བྱས་ནས་རྒྱུན་ལྡན་གྱི་འཚོ་བའི་ནང་བེད་སྤྱོད་བྱེད་བཞིན་ཡོད། དེར་བརྟེན་ཚན་རིག་ལག་རྩལ་བེད་སྤྱོད་བྱས་ཏེ་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ངེས་ཅན་ཡོང་གི་ཡོད། འོན་ཀྱང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་ལྷག་པར་རྒྱ་དཀར་ནག་སོགས་ནང་དེང་སྐབས་དཔལ་འབྱོར་འཕེལ་རྒྱས་དབང་གིས་ཁོར་ཡུག་དང་མཁའ་རླུང་ལ་འབག་བཙོག་ཤུགས་ཆེ་རུ་འགྲོ་གི་ཡོད། དམིགས་བསལ་རྒྱ་གར་དང་རྒྱ་ནག་ལ་ཁྱོན་མི་འབོར་ཐེར་འབུམ་གསུམ་མ་ཟིན་ཙམ་ཡོད། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཁྱིམ་ཚང་གཅིག་གི་མི་རེ་རེར་རླངས་འཁོར་རེ་རེ་བེད་སྤྱོད་གཏོང་གི་ཡོད།
མདོར་ན། རླངས་འཁོར་མང་དག་ཅིག་བེད་སྤྱོད་བྱེད་བཞིན་ཡོད་སྟབས། ཁོར་ཡུག་ལ་འབག་བཙོག་ཤུགས་ཆེན་བཟོ་བཞིན་ཡོད། སྤྱིར་བཏང་དེ་དག་འཚོ་བའི་དགོས་མཁོ་ཡོད་པར་བརྟེན་བེད་སྤྱོད་བྱེད་དགོས་ཀྱང་རྒྱས་སྤྲོས་ཅན་གྱི་འཚོ་བ་སྐྱེལ་སྟངས་ལ་ང་ཚོས་ངེས་པར་དུ་འགྱུར་བ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དེང་དུས་ཀྱི་སེམས་ཁམས་སློབ་གསོ་དང་རྒྱ་གར་གྱི་སྔ་མོའི་སེམས་ཁམས་སློབ་གསོ་གཉིས་བསྡུར་ན། དེང་དུས་ཀྱི་སེམས་ཁམས་སློབ་གསོའི་གནས་ཚད་ཧ་ཅང་ཞན་པོ་རེད་འདུག དེར་བརྟེན་སེམས་ཁམས་སློབ་གསོའི་སྐོར་ལ་སྔར་ལྷག་ཤུགས་སྣོན་རྒྱག་དགོས། ནོར་ཝེའི་སློབ་གྲྭ་ཆེ་ཁག་སོགས་ནང་སེམས་ཁམས་ཀྱི་སློབ་གསོའི་ལས་རིམ་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ཡང་ཐོག་མར་སློབ་ཕྲུག་བཅུ་ཙམ་དང་རིམ་བཞིན་ཉི་ཤུ། དེ་ནས་བརྒྱ་ཕྲག་བཅས་ལ་ལས་རིམ་འདི་ངོ་སྤྲོད་དང་འབྲེལ་ཉམས་མྱོང་སྤེལ་རེས་བྱེད་དགོས། ངོས་ཀྱི་མི་རབས་ཙམ་མ་ཟད། ད་ལྟའི་མི་རབས་གཞོན་སྐྱེས་ཚོས་ཀྱང་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ཁྲོད་ནང་སེམས་ཀྱི་རིན་ཐང་དེ་ཙམ་ཤོད་ཀྱི་མི་འདུག ཁྱེད་རང་ཚོས་རང་ཉིད་ཀྱི་བུ་ཕྲུག་ཚོར་དེང་དུས་ཤེས་ཡོན་གྱི་སློབ་གསོ་སྤྲད་པ་དང་ཆབས་ཅིག་ནང་སེམས་ཀྱི་རིན་ཐང་སྐོར་ལ་སློབ་གསོ་སྤྲོད་ཐུབ་ན། མ་འོངས་པའི་མི་རབས་རྣམས་ཕྱོགས་གང་སར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པར་བརྟེན། ང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། ཅེས་བཀའ་ལན་སྩལ། །