༢༠༡༤ ཟླ་ ༤ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༣ ཉིན་བཏང་གནས་ནང་འཁོད་དོན། ཨ་རིའི་ནང་ཡོད་པའི་ཧུའུ་ཡའོ་པང་དང་ཀྲའོ་ཙེ་ཡང་ཐེབས་རྩ་ཁང་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་ཟླ་བ་ ༤ ཚེས་ ༡༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཧུའུ་ཡའོ་པང་དགོངས་པ་རྫོགས་ནས་མི་ལོ་༢༥འཁོར་བའི་རྗེས་དྲན་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་དང་། ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་གདན་ཞུས་ལྟར་ཚོགས་འདུར་ཆེད་ཕེབས་གནང་སྟེ། བོད་དོན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
དེ་ཡང་། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༥ ཉིན་དེ་ནི་རྒྱ་ནག་གི་དབུ་ཁྲིད་ཟུར་པ་ཧུའུ་ཡའོ་པང་དགོངས་པ་རྫོགས་ནས་ལོ་༢༥འཁོར་བའི་ཉིན་མོ་ཡིན་པ་དང་། ཕྱི་ཚེས་ ༡༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་གི་རྒྱ་གྲོང་ FLUSINGདུ་ཧུའུ་ཡའོ་པང་དང་ཀྲའོ་ཙེ་ཡང་ལ་དྲན་གསོ་ཞུ་བའི་ཚོགས་འདུ་ཞིག་ཚོགས་ཤིང་། ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་ཚོགས་འདུ་དེར་གཏམ་བཤད་བྱེད་པར་གདན་ཞུས་ཀྱི་མགྲོན་འབོད་བྱས་པ་ལྟར། ཁོང་གིས་ཚོགས་འདུའི་ཐོག་བོད་མི་ཞིག་གི་ངོས་ནས་ཧུའུ་ཡའོ་པང་དགོངས་པ་རྫོགས་ཏེ་ལོ་ ༢༥ འཁོར་བའི་སྐབས་ཀྱི་སེམས་ཚོར་དང་། བོད་སྐོར་གསུང་བཤད་མདོར་བསྡུས་ཤིག་གནང་ཡོད།
ཀུན་དགའ་བཀྲིས་ལགས་ཀྱིས་གསུང་དོན། ཚོགས་འདུ་གོ་སྒྲིག་གནང་མཁན་གྱིས་ང་རང་ཚོགས་འདུར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དོན་སྙིང་ལྡན་པའི་རྗེས་དྲན་གྱི་ཚོགས་འདུའི་ནང་ང་རང་ནི་བོད་མི་གཅིག་པུ་དེ་ཡིན་པ་དང་། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་ཞིང་གཤེགས་རྒྱ་ནག་གི་དབུ་ཁྲིད་ཧུའུ་ཡའོ་པང་ལ་གུས་བཀུར་དང་རྗེས་དྲན་ཞུ་གི་ཡོད། ཁོང་ནི་རྒྱ་ནག་གི་འགོ་ཁྲིད་ཁྲོད་ནས་དགོངས་པ་བཞེས་ཕྱོགས་གུ་ཡངས་ཤོས་ཤིག་ཡིན་པ་དང་། ལྷག་པར་དུ་ཕྱི་ལོ་༡༩༨༠ ལོའི་ཕྱི་ཟླ་ ༥ པར་བོད་དུ་ལས་དོན་རྟོག་ཞིབ་ལ་ཕེབས་སྐབས་ང་རང་སློབ་གྲྭར་ཡོད། ཧུའུ་ཡའོ་པང་གིས་བོད་དུ་ལས་དོན་རྟོག་ཞིབ་གནང་རྗེས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་གཞིགས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་དགོངས་བཞེས་གནང་ཡོད་ཀྱང་། ཁོང་ལ་ཆབ་སྲིད་ཀྱི་སྐུ་ངལ་བྱུང་དབང་གིས་སྲིད་བྱུས་དེ་དག་ལག་བསྟར་བྱེད་ཐུབ་མེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དེ་སྔ་གལ་སྲིད་ཧུའུ་ཡའོ་པང་སྐུ་འཚོ་ཞུགས་ཡོད་ཚེ། གཅིག་བྱས་ན་བོད་ཀྱི་གནད་དོན་ཐག་ཆོད་བྱུང་ཡོད་ཀྱི་རེད། ཅེས་གསུང་དགོས་དོན་ཡང་འདི་འདྲ་རེད།
ཧུའུ་ཡའོ་པང་དགོངས་པ་རྫོགས་ནས་ལོ་༢༥འཁོར་གྱི་ཡོད་པ་དང་། དུས་ད་ལྟ་ཡིན་ན་ཡང་བོད་མིའི་ཕྱོགས་ཀྱིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱུན་སྐྱོང་དམ་འཛིན་བྱེད་ཀྱི་ཡོད་ཀྱང་། བོད་ཀྱི་གནད་དོན་ད་དུང་ཡང་ཐག་གཅོད་མི་ཡོང་བའི་རྐྱེན་རྩ་གཙོ་བོ་དེ་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ནང་ཧུའུ་ཡའོ་པང་དང་། ཀྲའོ་ཙེ་ཡང་འདྲ་བའི་སྙིང་སྟོབས་ཆེ་ལ། དངོས་ཡོད་གནས་ཚུལ་ལ་གདོང་གཏུགས་གནང་ཐུབ་མཁན་གྱི་དབུ་ཁྲིད་ཞིག་ཐོན་ཐུབ་ཀྱི་མེད་པ་དེ་ཡིན་པར་ངོས་འཛིན་ཞུ་གི་ཡོད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་ཅིང་། གཞིས་བྱེས་བོད་མི་མང་ཆེ་བས་རྒྱབ་སྐྱོར་ཆེན་པོ་ཡོད་པའི་སྲིད་བྱུས་ཤིག་ཡིན་པ་དང་། དེའི་སྙིང་དོན་ནི་བོད་མི་རིགས་འཚོ་ཞིང་གནས་ཐུབ་པའི་ཆེད་དུ། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཆེད་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་གྱི་རང་སྐྱོང་མིང་དོན་མཚུངས་པ་ཞིག་བྱུང་ན། བོད་འདི་རྒྱ་ནག་ནས་ཁ་བྲལ་མི་འགྲོ་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་སྡོད་ཀྱི་ཡིན་གསུང་གི་ཡོད་པ་དེ་རེད།
བོད་ལ་གུ་ཡངས་ཀྱི་སྲིད་བྱུས་བཟུང་དགོས་པའི་དགོངས་པ་བཞེས་མཁན་ཧུའུ་ཡའོ་པང་དགོངས་པ་རྫོགས་ནས་ལོ་༢༥འཁོར་བར་ང་ཚོས་དྲན་གསོ་བྱེད་འོས་པ་ཞིག་ཡིན། ཧུའུ་ཡའོ་པང་འཇིག་རྟེན་འདིར་ཞུགས་མེད་ཀྱང་། ཁོང་གི་སྙིང་སྟོབས་དང་། མི་དམངས་ཀྱི་བདེ་སྡུག་ལ་གཟིགས་སྐྱོང་། རྒྱ་ནག་སྒྱུར་བཅོས་སྒོ་དབྱེ་དགོས་པ་བཅས་ཀྱི་གུ་ཡངས་ཀྱི་རླབས་ཆེན་དགོངས་པ་རྣམས་ནི་རྒྱ་ནག་གི་མི་རབས་རྗེས་མ་རྣམས་ལ་བཞག་པའི་རྒྱུ་དངོས་དང་འདྲ་བས། རྒྱ་རིགས་གྲོགས་པོ་ཚོས་དེ་ལ་གཅེས་པོ་དང་ཆབས་ཅིག་གཞོན་སྐྱེས་མི་རབས་རྣམས་ལ་དྲུག་བཞིའི་དོན་རྐྱེན་གྱི་དངོས་དོན་ལོ་རྒྱུས་མ་བརྗེད་པ་བྱེད་རྒྱུའི་སློབ་གསོ་གཏོང་རྒྱུའི་འགན་ཁུར་ཁྱེད་རྣམས་ལ་ཡོད། བོད་མི་རྒན་རབས་རྣམས་རྫོགས་འགྲོ་གི་ཡོད་ཀྱང་། གཞོན་སྐྱེས་མི་རབས་ཚོས་ཕྱི་ལོ་ ༡༩༥༩ ལོའི་བོད་ཀྱི་ལོ་རྒྱུས་ཀྱི་དོན་རྐྱེན་ཆེན་པོ་དེ་ད་དུང་བརྗེད་མེད། ཁྱེད་རྣམ་པས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། མ་འོངས་པར་མུ་མཐུད་ནས་རྒྱབ་སྐྱོར་གནང་རོགས། ཞེས་གསུང་ཡོད་པ་རེད། ཧུའུ་ཡའོ་པང་དང་། ཀྲའོ་ཙེ་ཡང་ལ་རྗེས་དྲན་ཞུ་བའི་ཚོགས་འདུ་འདིར་རྒྱ་རིགས་རྩོམ་པ་པོ་དང་། ལས་འགུལ་བ། སློབ་ཕྲུག དམངས་གཙོ་དོན་གཉེར་བ་སོགས་ཁྱོན་མི་གྲངས་ ༧༠ ཙམ་མཉམ་ཞུགས་གནང་ཡོད། ཚོགས་འདུ་བ་ཚང་མས། ཧུའུ་ཡའོ་པང་དང་ཀྲའོ་ཙེ་ཡང་ནི་རྒྱ་ནག་ལོ་རྒྱུས་ཁྲོད་གུ་ཡངས་ཆེ་ཤོས་ཀྱི་དབུ་ཁྲིད་གཉིས་ཡིན་པར་མགྲིན་གཅིག་ཏུ་ངོས་འཛིན་གནང་བ་དང་། ཧུའུ་ཡའོ་པང་དགོངས་པ་རྫོགས་པར་མྱ་ངན་རྗེས་དྲན་བྱས་པ་ནས་དྲུག་བཞིའི་དོན་རྐྱེན་བྱུང་བ། ཀྲའོ་ཙེ་ཡང་གིས་སྐབས་དེར་དམངས་གཙོ་དོན་གཉེར་གནང་མཁན་སློབ་ཕྲུག་རྣམས་ལ་དྲག་གནོན་བྱེད་རྒྱུར་མོས་མཐུན་མ་གནང་བ་སོགས་ཀྱི་ལོ་རྒྱུས་ཀྱི་གནས་ཚུལ་རྣམས་ལ་དྲན་གསོ་གནང་ཡོད་པ་རེད།