༢༠༡༤ ཟླ་ ༤ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །སྤྱི་དམངས་ནུས་སྟོབས་ཚོགས་པའི་འགན་འཛིན་ཡང་ཅིས་ལི་ཡིས་གོ་སྒྲིག་གནང་བའི་སྐབས་དགུ་པའི་མི་རིགས་དང་ཆོས་ལུགས་མི་འདྲ་བའི་གཞོན་སྐྱེས་ཚོགས་འདུ་དེ་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༤ ནས་ ༢༧ བར་ཐེ་ཝན་གྱི་རྒྱལ་ས་ཐེའ་པེ་རུ་འཚོགས་ཡོད་པ་དང་། ཚོགས་འདུ་འདིར་མི་རིགས་དང་ཆོས་ལུགས་མི་འདྲ་བའི་སྐུ་ཚབ་མང་པོ་ཞིག་འཛོམས་ཡོད་པ་དཔེར་ན། བོད་དང་སོག་པོ། ཡུར་གུར། རྒྱ་ནག་སྐམ་ས། ཕྱི་སྡོད་རྒྱ་རིགས། ཧོང་ཀོང་མའེ་ཁོ། ཆོས་འཁོར་སྒོམ་སྒྲུབ་པ། ཡེ་ཤུ་བའི་སྐུ་ཚབ་བཅས་ཚོགས་མི་བདུན་ཅུ་ཙམ་ཚོགས་འདུ་འདིར་མཉམ་ཞུགས་བྱས་ཡོད།
ད་རེས་ཀྱི་ཚོགས་བཅར་བའི་ནང་ཐབས་ཇུས་པ་དང་། རྩོམ་པ་པོ། བརྒྱུད་ལམ་འཐབ་རྩོད་པ། ཁྲིམས་རྩོད་པ་བཅས་ཐུན་མོང་གི་སྟོབས་ཤུགས་བསྐྱེད་དེ་རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་འགྱུར་བ་གཏོང་རྒྱུར་འབད་འཐབ་ཅི་ལྟར་དགོས་མིན་གྲོས་བསྡུར་ལྷུག་གླེང་བྱས་ཡོད་ལ། རྒྱ་ནག་དམར་ཤོག་གིས་བཙན་གནོན་དབང་སྒྱུར་བྱེད་བཞིན་པའི་བོད་དང་ཡུ་གུར་སོག་པོ་སོགས་ཀྱི་དཀའ་སྡུག་སེལ་ཐབས་ལས་འགུལ་ཅི་ཞིག་སྤེལ་དགོས་མིན་བཅས་ལ་ཕན་ཚུན་བསམ་ཚུལ་སྤེལ་རེས་བྱས་ཡོད།
ཚོགས་འདུ་མགོ་འཛུགས་སྐབས་སུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་ཚོགས་འདུ་འདིའི་ཐོག་ལ་གསུང་འཕྲིན་ཕེབས་ཡོད་པའི་ནང་དོན། རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཁྲིམས་ཀྱི་དབང་སྒྱུར་བཅས་དགོས། གང་ལགས་ཞེ་ན། རིན་ཐང་དེ་དག་ནི་སྤྱི་ཚོགས་ཞིག་གི་རང་དབང་དང་གསོན་ཤུགས་ཀྱི་རྨང་རྡོ་ཡིན་པ་མ་ཟད། དོན་དམ་གྱི་བདེ་སྐྱིད་དང་བརྟན་ལྷིང་གི་འབྱུང་ཁུངས་ཀྱང་རེད། རྒྱ་ནག་གི་མང་གཙོ་དེ་ནི་རྒྱལ་སྤྱི་ཡོངས་རྫོགས་ཀྱི་ཁེ་ཕན་ཡིན་པ་མ་ཟད། བྱེ་བྲག་ཏུ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ཁེ་ཕན་ཡང་རེད། རྒྱ་ནག་གི་མང་གཙོ་དང་རང་དབང་བཅས་ཀྱི་ཕྱོགས་དེ་མུ་མཐུད་རྒྱ་བསྐྱེད་དང་སྒོ་དབྱེ་བྱས་པ་ཡིན་ན། བོད་མི་ཚོ་ལའང་ཁེ་ཕན་ཆེན་པོ་ཡོད་པ་རེད།
ཚོགས་འདུ་འདིར་བོད་ཀྱི་སྐུ་ཚབ་མི་བདུན་བཅར་ཡོད་ལ། དེ་དག་ནི་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང་།་སྤྱི་འཐུས་ཤར་གླིང་ཟླ་སྒྲོན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤི་ཡ་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་ཚེ་བརྟན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཨེ་ཤེ་ཡའི་འབྲེལ་མཐུད་པ་བློ་བཟང་ཚེ་བརྟན། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་ཡེ་ཤེས་བསྟན་འཛིན། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་དང་རྩོམ་སྒྱུར་སྡེ་ཚན་འགན་འཛིན་འབུམ་རམས་པ་མཆོག་བསྟན་འཛིན་སྨོན་ལམ། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འབྲེལ་གཏུགས་དུས་དེབ་རྩོམ་སྒྲིག་པ་འབྲུག་བསྟན་སྐྱིད་བཅས་ཚོགས་འདུ་འདིར་བཅར་བ་མ་ཟད། བོད་ཀྱི་གནད་དོན་སྐོར་ལ་ལྷུག་པོོར་འགྲེལ་བརྗོད་གནང་ཡོད།
གདུག་རྩུབ་ཆེ་བའི་རྒྱ་ནག་གཞུང་གི་སྲིད་བྱུས་འོག་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་། བོད་ནང་གི་བོད་མི་ཚོས་མུ་མཐུད་ནས་ཞི་བའི་སྒོ་ནས་བོད་ཀྱི་རིག་གཞུང་ཟུར་འབུད་བྱེད་པའི་རྣམ་པ་དེ་དག་ལ་ཁ་གཏད་དང་གདོང་ལེན་ཇི་ལྟར་བྱེད་ཀྱི་ཡོད་མེད། བོད་ནང་དུ་བོད་མི་བརྒྱ་དང་སུམ་ཅུ་ཐམ་པས་བོད་ཀྱི་རང་དབང་སླར་གསོའི་སླད་རང་སྲེག་བྱས་ནས་འཐབ་རྩོད་བྱས་པའི་སྐོར་བོད་ནང་འགྲོ་མིའི་ཐོབ་ཐང་ཧ་ཅང་ཐབས་རྡུགས་ཡིན་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་གི་བྱུང་བ་ངོ་སྤྲོད་རྒྱལ་སྤྱིའི་ནང་དུ་བོད་ཀྱི་ལས་འགུལ་ཤུགས་ཆེ་རུ་འགྲོ་གི་ཡོད་པའི་སྐོར་གཏམ་བཤད་གནང་། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁང་གི་ཚོགས་གཙོ་མེ་ཋུའུ་མེ་ཁ་ཆི་ལགས་ཀྱང་ཕེབས་ནས་ཅི་ལྟར་བྱས་ནས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཇེ་ཆེར་འགྲོ་ཐབས་སྐོར་གསུང་བཤད་གནང་།
འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་ནང་གི་གནད་དོན་མང་པོའི་ནང་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྐོར་དང་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་སྤུན་མཆེད་རྣམས་་ཁྲིམས་འགལ་ཉེན་འཛུགས་བྱས་པ་དང་། ལྷག་པར་དུ་དཀོན་མཆོག་དབང་མོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་སྲེག་བཏང་ནས་གྲོངས་རྗེས། ཁོང་གི་བཟའ་ཟླ་སྒྲོལ་མ་སྐྱབས་ལ་སྲོག་ཐོག་ཉེས་པ་བཀལ་བ། དེ་བཞིན་ཁོང་གིས་འབྲོག་པ་རྣམས་རྩྭ་ཐང་ནས་ཕྱིར་འབུད་བྱས་པའི་སྐོར་གླེང་ཡོད། ཚོགས་བཅར་བ་ཚོས་མིག་སྔའི་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ལ་ཐུན་མོང་གིས་དཀའ་ངལ་སེལ་ཐབས་འབད་བརྩོན་བྱ་དགོས་ངེས་རེད་ཅེས་བརྗོད་ཡོད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤ་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་ཚོགས་འདུ་འདིའི་ཐོག་ལ་རྒྱ་ནག་གིས་ཁྲིམས་འགལ་ངང་བཙན་འཛུལ་བྱས་པའི་བོད་རྒྱལ་ཁབ་ཀྱི་སྐུ་ཚབ་བྱས་ནས་བཅར་ཡོད་ཟེར་ལ། ཁོང་གིས་གསུངས་དོན་ང་ཚོ་བོད་ལྟར་རྒྱ་ནག་དམར་ཤོག་གི་འོག་ནས་དཀའ་སྡུག་མྱོང་བཞིན་ཡོད་པ་དང་། དཀའ་སྡུག་འདིའི་འོག་ནས་རང་དབང་བརྩོན་ལེན་བྱེད་པའི་འཐབ་རྩོད་པ་རྣམས་ལ་འབྲེལ་བ་ཡག་པོ་བཟོ་ཐུབ་བྱུང་། བོད་ཀྱི་འཐབ་རྩོད་ཆེད་ཚོགས་བཅར་བ་ཚོས་གདུང་སེམས་མཉམ་སྐྱེ་གནང་བ་དང་། ལྷག་པར་དུ་རྒྱ་ནག་སྐམ་ས་ནས་ཡོང་བའི་ཁྲིམས་རྩོད་པ་དང་འཐབ་རྩོད་པ་། བཅས་ནས་བོད་དོན་སེལ་ཐབས་རྒྱབ་སྐྱོར་གནང་གི་ཡོད་སྟབས། མ་འོངས་པར་ང་ཚོ་ཆིག་སྒྲིལ་གྱི་ནུས་སྟོབས་ཆེ་རུ་ཕྱིན་པའི་ཐོག་ནས་རྒྱ་ནག་དམར་ཤོག་ལ་འཐབ་རྩོད་བྱེད་ཐུབ་ཀྱི་རེད།
གདུག་རྩུབ་ཆེ་བའི་རྒྱ་ནག་གཞུང་གི་སྲིད་བྱུས་འོག་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་། བོད་ནང་གི་བོད་མི་ཚོས་མུ་མཐུད་ནས་ཞི་བའི་སྒོ་ནས་བོད་ཀྱི་རིག་གཞུང་ཟུར་འབུད་བྱེད་པའི་རྣམ་པ་དེ་ལ་ཁ་གཏད་དང་གདོང་ལེན་ཇི་ལྟར་བྱེད་ཀྱི་ཡོད་མེད། རྒྱལ་སྤྱིའི་ནང་དུ་བོད་ཀྱི་ལས་འགུལ་ཤུགས་ཆེ་རུ་འགྲོ་གི་ཡོད་པའི་སྐོར་གཏམ་བཤད་གནང་། ཚོགས་ཆེན་འདིའི་ནང་དུ། རྒྱ་ནག་ནང་དང་། རྒྱ་ནག་དམར་ཤོག་གཞུང་གི་དབང་སྒྱུར་འོག་ཏུ་ཡོད་པའི་ས་ཁུལ་ཁག་ཏུ་རང་དབང་དང་དྲང་བདེན་ཡོང་ཆེད་རྒྱལ་སྤྱིའི་ལས་འགུལ་ཤུགས་རྐྱེན་གལ་ཆེ་ཡིན་པར་ངོས་འཛིན་ཡང་བྱས་ཡོད་པ་རེད། བོད་དང་ཡུ་གུར་། སོག་པོ་སོགས་ལ་འགྲོ་བ་མི་ཞིག་ཡིན་པའི་ཐོབ་ཐང་རག་ཐབས་ཆེད་དུ་ལག་ལེན་དངོས་ལ་ཇི་ལྟར་འགྲོ་དགོས་མིན་སྐོར་གྲོས་བསྡུར་བྱས་། དེ་བཞིན་ཐའེ་ཝན་ནང་གི་མང་གཙོའི་འཕེལ་རིམ་སྐོར་དང་། ཧོང་ཀོང་ནང་དུ་མང་མོས་འོས་བསྡུའི་སྐོར་།
རྒྱ་ནག་ལ་སྤྱི་དམངས་ནུས་སྟོབས་གསར་འཛུགས་གནང་མཁན་དང་ཚོགས་གཙོ་ཡང་ཅིས་ལི་ཡིས་ཚོགས་འདུ་འདིར་ས་ཁུལ་དང་མི་རིགས་འདྲ་མིན་གྱི་སྐུ་ཚབ་བར་ལ་ཆིག་སྒྲིལ་དང་མཉམ་ལས། ཐུན་མོང་གི་དམིགས་ཡུལ་གཞི་རྩའི་ཐོབ་ཐང་། སྤྱི་ཚོགས་དྲང་བདེན། རྒྱ་ནག་ནང་ཁྲིམས་ཀྱི་དབང་སྒྱུར་བྱེད་པའི་སྲིད་གཞུང་ཞིག་འཛུགས་ཐབས་བཅས་ལ་དོན་ཕན་ལྡན་པའི་གྲོས་བསྟུར་བྱུང་ནས། ཚོགས་འདུ་ཧ་ཅང་ལེགས་གྲུབ་བྱུང་ཡོད་པའི་མཇུག་བསྒྲིལ་གཏམ་བཤད་གནང་ནས་ད་ཐེངས་ཀྱི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཡོད།