༢༠༡༤ ཟླ་ ༤ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༦ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོ་སྒྲིག་འོག་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་འགྲེམས་སྟོན་ཚོགས་ཁང་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ཞབས་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་ནང་དུ་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་དང་། རྒྱ་རིགས་དྲ་རྒྱ་ལྟ་ཀློག་བྱེད་མཁན་རྣམས་ཀྱིས་རང་སྲེག་ལས་འགུལ་ཐོག་ལྟ་ཕྱོགས་སྐོར་གསུང་བཤད་གནང་དོན། རང་ལུས་མེར་སྲེག་མང་ཆེ་བ་རྒྱ་ནག་དང་ས་ཐག་ཉེ་བའི་བོད་ཀྱི་བྱང་ཤར་དང་ཤར་ཕྱོགས་ས་ཁུལ་ཁག་ཏུ་བྱུང་ཡོད། ངས་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ནང་དུ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་བསྟུད་མར་ལག་བསྟར་བྱས་པར་བརྟེན། བོད་ནང་གི་བོད་མི་གྲགས་ཆེའི་མི་སྣ་གཙོ་བོ་བཞིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ་དེ་དག་ལ་གཞི་བཅོལ་བཞིན་ཡོད། མི་སྣ་དེ་རྣམས་ནི་རྒྱ་ནག་གུང་ཁྲན་ཏང་ཡོན་ནང་ཚད་མཐོའི་གོ་གནས་ཡོད་མཁན་ཤ་སྟག་ཡིན།
དེ་ཡང་དང་པོ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཡིན་པ་དང་། ཕྱི་ལོ་ ༡༩༦༢ ལོར་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་གཙོས་རྒྱ་ནག་འགོ་ཁྲིད་ཚོར་ཕུལ་ཡོད། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་མ་ཕུལ་གོང་བོད་ཀྱི་ས་ཁུལ་ཁག་ནང་གཟིགས་སྐོར་ཕེབས་ཡོད། སྐབས་དེར་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་མི་ཚོའི་གནས་སྟངས་ཧ་ཅང་དཀའ་ངལ་ཆེན་པོའི་འོག་གནས་བཞིན་ཡོད་པར་གཟིགས་རྗེས་ཐུགས་བློས་མ་བཟོད་པར་ཡིག་འབྲུ་ཁྲི་བདུན་སྙན་ཞུ་དེ་དྲིས་གནང་བ་ཞིག་ཡིན། ངའི་བསམ་པར་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་ཕྱོགས་དེ་ནི་ཧ་ཅང་སྙིང་སྟོབས་ལྡན་པ་ཞིག་དང་བློས་གཏོང་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། གང་ཡིན་བརྗོད་ན་དེ་སྔ་མའོ་ཙེ་ཏུང་གི་སྲིད་བྱུས་ལ་བརྟེན་ནས་རྒྱ་ནག་གི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་མུ་གེ་བྱུང་སྟེ་ཞིང་པ་ས་ཡ་ ༣༠ ལྷག་ཙམ་ལྟོགས་ཤི་ཐེབས་པར་བརྟེན་མའོ་ཙེ་ཏུང་གི་སྲིད་བྱུས་དེར་ཐད་ཀར་སྐྱོན་བརྗོད་བྱེད་ནུས་མཁན་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཕན་དོ་ཧ་ཁོ་ན་ལས་བྱུང་མེད། དེ་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་གིས་མའོ་ཙེ་ཏུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་དེས་བོད་མི་ཚོར་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་སྲིད་བྱུས་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞེས་པ་འདི་ཕུལ་ཡོད། སྐབས་དེར་མའོ་ཙེ་ཏུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་ནི་གྲལ་རིམ་གྱི་དགྲ་བོ་ཞིག་ཡིན་པ་དང་ཡིག་འབྲུ་ཁྲི་བདུན་ནི་དུག་མདའ་འཕེན་པ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་པ་མ་ཟད། དེ་རྗེས་ཕྱི་ལོ་ ༡༩༦༤ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་འཐབ་འཛིང་དང་དེ་རྗེས་ལོ་མང་རིང་བཙོན་འཇུག་བྱས་ཡོད། ཅེས་སོགས་གསུངས་པ་དང་།
གཉིས་པ། ཨཀྱ་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དུ་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཡོད། གཞི་རྩའི་རིན་པོ་ཆེ་མཆོག་སོག་པོ་ཡིན། འོན་ཀྱང་སྐུ་འབུམ་དགོན་པའི་བླ་མ་རྩ་ཆེ་ཞིག་གི་ཡང་སྤྲུལ་དུ་ངོས་འཛིན་ཞུས་ཡོད། རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༨ ། ༡༩༩༩ ཙམ་ནང་བོད་ནས་ཨ་རིར་བྲོས་བྱོལ་དུ་ཕེབས་ཡོད། རིན་པོ་ཆེ་མཆོག་བྲོས་བྱོལ་ལ་ཕེབས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་ཟེར་བའི་ཁྱིའུ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གྱིས་རིན་པོ་ཆེ་མཆོག་ཁོང་གི་ཡོངས་འཛིན་དུ་བསྐོ་གཞག་བྱ་རྒྱུའི་འཆར་གཞི་འདིང་བཞིན་པའི་སྐབས་ཡིན། དེར་བརྟེན་རྒྱ་ནག་གི་སྲིད་བྱུས་ལས་གཡོལ་ཆེད་རིན་པོ་ཆེ་མཆོག་ཨ་རིར་བྲོས་བྱོལ་དུ་ཕེབས་ཡོད། རིན་པོ་ཆེ་མཆོག་གིས་ཨ་རིར་ཕེབས་རྗེས། འབྲུག་ལྟོགས་པ། (The Hungry Dragon) ཞེས་པའི་རང་རྣམ་གྱི་དཔེ་དེབ་གཅིག་བརྩམས་ཡོད། དེབ་དེའི་ནང་རིན་པོ་ཆེ་མཆོག་གིས་བོད་དང་ཐེ་ཝན། ཧོང་ཀོང་གསུམ་གྱི་ལས་དབང་དེ་ཉ་མོ་གསུམ་གྱི་ལོ་རྒྱུས་དང་སྦྱར་ནས་གསུངས་ཡོད། ཐེ་ཝན་ནི་ད་བར་སུས་ཀྱང་ལག་ཏུ་མ་ཐེབས་པའི་རྒྱ་མཚོའི་ནང་རྐྱལ་བརྒྱབ་ནས་གནས་བཞིན་པའི་ཉ་མོ་དང་མཚུངས་ཤིང་། ཧོང་ཀོང་ནི་གསོན་པོར་གནས་པའི་ཉ་མོ་ཞིག་ཡིན་ནའང་རྒྱ་ནག་གིས་བཟོས་པའི་ཤེལ་གྱི་རྫིང་བུའི་ (aquarium) ནང་འགྲེམས་སྟོན་ཆེད་བཞག་པ་དང་མཚུངས། བོད་ནི་ལྕོག་རྩེའི་སྟེང་གི་སྡེར་མའི་ནང་ལུས་ཕྱེད་བཟས་ཟིན་པའི་ཉ་མོ་དང་མཚུངས་ཤིང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྟོང་ལ་ཉེ་བ་དང་བོད་མི་རྣམས་བོད་ཀྱི་འཁྱགས་རོམ་བཞུར་ཚད་ལས་མྱུར་བའི་ཐོག་ནས་རྩ་ཡལ་དུ་འགྲོ་བཞིན་པའི་གནས་སྟངས་དཔེ་དོན་སྦྱར་ནས་གསུངས་ཡོད། དེར་བརྟེན་ཨཀྱཱ་རིན་པོ་ཆེས་རྒྱ་ནག་གཞུང་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་གཟིགས་ཚུལ་འདི་གནད་འགག་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན། ཁོང་ནི་རྒྱ་ནག་གུང་ཁྲན་ཏང་གི་མི་སྣ་གལ་ཆེ་ཞིག་ཆགས་ཡོད་པ་དང་། རྒྱ་ནག་ནང་པའི་ལྷན་ཚོགས་ཀྱི་(China`Buddhist Association) ཚོགས་གཞོན་ཡང་གནང་མྱོང་ཡོད་པ་མ་ཟད། སྐུ་འབུམ་དགོན་པའི་བླ་མ་གཙོ་གྲས་ཤིག་ཀྱང་ཆགས་ཡོད།
དེ་ནས་རྒྱ་ནག་གི་བོད་ནང་སྲིད་བྱུས་འཛིན་བཞིན་པ་དེར་བསམ་ཚུལ་འདོན་མཁན་བོད་མི་གཞན་གཉིས་ནས་གཅིག་ནི་ང་ཕོད་ངག་དབང་འཇིགས་མེད་ཡིན། ཁོང་ནི་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་འོག་ས་རྟགས་འགོད་མཁན་བོད་མིའི་སྐུ་ཚབ་ཅིག་ཆགས་ཡོད། ཁོང་གིས་བོད་མི་ཚང་མའི་སེམས་ཁོངས་ཀྱི་མངོན་འདོད་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་རྒྱུ་ཡིན། ཞེས་གསུངས་ཡོ། ང་ཕོད་དགུང་ལོ་ ༡༠༠ ལ་བསླེབས་སྐབས་སྐུ་གྲོངས་ཡོད།
བོད་མི་གཞན་ནི་འབའ་བ་ཕུན་ཚོགས་དབང་རྒྱལ་ཡིན། ཁོང་གིས་བོད་ཀྱི་གུང་ཁྲན་ཚོགས་པ་གསར་འཛུགས་གནང་ཡོད། ཁོང་གཞོན་དུས་སྐབས་ནས་བོད་གཞུང་གི་ལམ་ལུགས་ལ་བསྐྱར་བཅོས་དགོས་རྒྱུ་གལ་ཆེར་གཟིགས་པ་མ་ཟད། རྒྱ་ནག་ནང་དམར་ཤོག་ཚོགས་པའི་སྟོབས་ཤུགས་རྒྱས་བཞིན་པར་བརྟེན་ཕྱི་ལོ་ ༡༩༣༠ སྐབས་ནང་ཁོང་ལྷ་སར་ཡོང་ནས་བོད་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཉེན་ཁ་ཡོང་རྒྱུ་ཡིན་པར་བརྟེན། བོད་གཞུང་གཉིད་ལས་སད་དགོས་པའི་སྔོན་བརྡ་བཏང་ཡོད་ཀྱང་ཁོང་གི་ཉེན་བརྡ་བཏང་བ་དེར་ཉན་འཇོག་བྱུང་མེད། དེར་བརྟེན་ཁོང་གིས་བྱ་ཐབས་གཞན་བྲལ་ཏེ་བོད་ཀྱི་གུང་ཁྲན་ཚོགས་པ་གསར་འཛུགས་བྱས་རྗེས་ཕྱིས་སུ་རྒྱ་ནག་གུང་ཁྲན་ཚོགས་པའི་ནང་ཟླ་སྒྲིལ་བཏང་རྗེས་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་ཐོག་མ་བོད་དུ་ཁྲིད་ཡོད། ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་གཟིགས་ཕྱོགས་ག་འདྲ་ཡོད་ཅེས་ན། དེ་སྔ་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་དང་ཧུ་ཅིང་ཐའོ་སྐབས་འབའ་བ་ཕུན་དབང་གིས་རྒྱ་ནག་འགོ་ཁྲིད་མཐོ་གྲས་རྣམས་ལ་ཡི་གེ་ཐེངས་འགའ་བཏང་སྟེ་བོད་ཀྱི་གནད་དོན་སེལ་རྒྱུར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ལྡེ་མིག་ལྟ་བུ་ཡིན་པ་དང་། གལ་ཏེ་རྒྱ་ནག་འགོ་ཁྲིད་ཚོས་མུ་མཐུད་ནས་བོད་ཀྱི་དཀའ་ངལ་སེལ་རྒྱུའི་ཆེད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཁ་ཡ་མ་བྱས་ན་ནོར་འཁྲུལ་ཧ་ཅང་ཆེན་པོ་རེད། ཅེས་བྲིས་ཡོད།
དེར་བརྟེན་བོད་མི་དེ་དག་གིས་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱེད་བཞིན་པའི་སྲིད་བྱུས་ལ་གཟིགས་སྟངས་ཤིག་ཡིན།
དེ་ཡང་བོད་མི་དེ་དག་གིས་བསྡོམས་བརྒྱབ་ནས་གང་གསུང་ཡོད་ཅེས་ན། ཕྱི་ལོ་ ༡༩༥༠ ནས་ཕྱི་ལོ་ ༡༩༦༠ བར་ང་ཚོའི་རྒྱལ་ཁབ་ཤོར་བ་རེད། ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༡༩༧༠ བར་ང་ཚོའི་ཆབ་སྲིད་ཀྱི་དབང་ཆ་ཤོར་བ་རེད། ཅེས་གསུངས་ཡོད་པ་དེ་ནི་གཙོ་བོ་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་དབང་བསྒྱུར་གནས་མ་ཐུབ་པར་དེའི་ཚབ་ཏུ་བོད་རང་སྐྱོང་ལྗོངས་ཟེར་བ་གསར་འཛུགས་བྱས་པ་དང་། ༸གོང་ས་མཆོག་དང་བོད་མི་རྣམས་བྲོས་བྱོལ་དུ་ཆིབས་སྒྱུར་བསྐྱངས་དགོས་བྱུང་བ་དེར་རྗོད་བཞིན་ཡོད། ཕྱི་ལོ་ ༡༩༧༠ ནས་ཕྱི་ལོ་ ༡༩༨༠ བར་ང་ཚོའི་རིག་གཞུང་བརླགས་སོང་། ཞེས་གསུང་སྐབས་དུས་སྐབས་དེའི་རིང་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་ཆོས་ལུགས་ཀྱི་ལས་དོན་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་དང་སུན་གཙེར་ཧ་ཅང་བཟོས་པ་དེར་རྗོད་བཞིན་ཡོད། ཕྱི་ལོ་ ༡༩༨༠ ནས་ཕྱི་ལོ་ ༡༩༩༠ བར་ང་ཚོའི་དཔལ་འབྱོར་བརླགས་སོང་ཞེས་བརྗོད་སྐབས། དུས་སྐབས་དེའི་རིང་བོད་དུ་རྒྱ་རིགས་ཧ་ཅང་མང་པོ་གནས་སྤོ་བྱས་ནས་བོད་མིའི་ལས་ཀ་རྣམས་ཁོང་ཚོས་འཕྲོག་བཞིན་པར་བརྟེན་བོད་མི་ཚོར་དཔལ་འབྱོར་གྱི་གནས་སྟངས་ཐོག་ཧ་ཅང་དཀའ་ངལ་འཕྲད་པ་དེར་གོ་དགོས། དེར་བརྟེན་གཟིགས་སྟངས་འདི་དག་རྒྱ་ནག་གཞུང་གི་ཏང་གི་འགོ་ཁྲིད་མཐོ་གྲས་ནང་དངོས་སུ་ཉམས་མྱོང་ཡོད་པའི་བོད་མི་གནད་ཡོད་མི་སྣ་ཚོའི་རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་གཟིགས་སྟངས་ཤིག་ཆགས་ཡོད། དེར་བརྟེན་ཕྱི་ལོ་ ༡༩༥༠ ནས་ཕྱི་ལོ་ ༡༩༩༠ བར་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་དམ་བསྒྲགས་དང་། བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཆགས་རྒྱུ། དེ་བཞིན་བོད་ཀྱི་ཁོར་ཡུག་སོགས་རྩ་མེད་བཟོ་བཞིན་པ། བོད་ཀྱི་གྲོང་ཁྱེར་ཆེ་ཁག་ནང་རྒྱ་རིགས་ཧ་ཅང་མང་པོ་གནས་སྤོ་བྱས་ནས་བོད་མིའི་ལས་ཀའི་གོ་སྐབས་དང་དཔལ་འབྱོར་གྱི་ཐོབ་ཐང་འཕྲོག་པ།
ལྷག་པར་བོད་མི་དགེ་བཙུན་རྣམས་ལ་བཙན་དབང་འོག་༸གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་དང་། བོད་མི་འབྲོག་པ་རྣམས་བཙན་དབང་འོག་གཞི་སྤོ་བྱེད་བཅུག་པ། བོད་ཀྱི་རང་བྱུང་གཏེར་དངོས་ཀྱི་ཐོན་ཁུངས་རྣམས་སྔོག་འདོན་བྱས་ནས་རྒྱ་ནག་ཏུ་འོར་འདྲེན་བྱས་པ། ངའི་ཤེས་ཚོད་བྱས་ན་བོད་ནང་གཏེར་རིགས་མི་འདྲ་བ་ ༡༣༠ ལྷག་ཡོད་པ་དང་། དེའི་ཁོངས་ནས་གཏེར་རིགས་ཁག་གཅིག་ཁྲོམ་རྭའི་ནང་རིན་ཐང་ཧ་ཅང་ཆེན་པོ་འཐོབ་བཞིན་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཐོག་ཐེ་བྱུས་བྱ་རྒྱུའི་བྱུས་ངན་བཤམས་པ་སོགས་བོད་མི་ཚོར་སུན་གཙེར་ཧ་ཅང་བཟོས་པ་སོགས་ཀྱི་སྲིད་བྱུས་དེ་དག་ལ་བརྟེན་ནས་ད་བར་བོད་མི་ ༡༣༠ རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད། ཁོང་ཚོས་རང་ལུས་མེར་སྲེག་གཏོང་སྐབས་བོད་ལ་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་འདོན་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། རང་ལུས་མེར་སྲེག་ཐོག་རྒྱ་རིགས་ཤེས་ཡོན་མི་སྣ་དང་རྩོམ་པ་པོ། དེ་བཞིན་སྒྱུ་རྩལ་བ་སོགས་ཀྱི་བསམ་ཚུལ་རྣམས་དང་། རང་ལུས་མེར་སྲེག་གི་གནས་ཚུལ་ཕྱི་གྱར་མི་ཡོང་ཆེད་རྒྱ་ནག་གཞུང་གིས་དྲྭ་རྒྱ་སོགས་ལ་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། ཐེངས་འདིར་འགྲེམས་སྟོན་ཚན་པའི་གསུང་བཤད་སྐབས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་མི་གྲངས་ ༢༠ ལྷག་མཉམ་ཞུགས་གནང་ཡོད།