༢༠༡༤ ཟླ་ ༤ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གནང་མཁན་ཚེ་བདག་ལགས་དང་ཚེ་རིང་ལྷ་མགོན་ལགས་གཉིས་སྔ་གཞུག་ཏུ་བཙོན་བཀྲོལ་བཏང་ཡོད་འདུག
ཕྱི་ལོ་ ༢༠༠༨ ལོར་རྔ་བ་རྫོང་སེར་སྐྱ་མི་མང་གིས་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་གནང་སྐབས་ལས་འགུལ་གྱི་སྣེ་ཁྲིད་པ་ཡིན་པའི་ཉེས་མིང་འོག རྔ་བ་རྫོང་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཚེ་བདག་ལགས་སུ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་པ་ལྟར། ཁ་སང་ཕྱི་ཚེས་ ༡ ཉིན་གློད་བཀྲོལ་ཐོབ་སྟེ་ཕ་ཡུལ་དུ་འབྱོར་ཡོད་པ་དང་། ས་གནས་བོད་མི་ཚོས་ཁོང་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག
གཞན་ཡང་། ཕྱི་ལོ་ ༢༠༠༠ ལོའི་ལོ་མཇུག་ཏུ་ནག་ཆུ་ས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཁམས་སོག་རྫོང་གི་བོད་མི་ཚེ་རིང་ལྷ་མགོན་ལགས་སུ། བོད་དོན་དང་འབྲེལ་བའི་ཡིག་ཆ་གཏོར་འགྲེམས་བྱས་པའི་ཉེས་མིང་འོག ལོ་ངོ་ ༡༥ ཡི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༣ ཉིན་ཁོང་ཆུ་ཤུལ་བཙོན་ཁང་ནས་གློད་བཀྲོལ་བཏང་སྟེ་ཕ་ཡུལ་དུ་འབྱོར་ཡོད་འདུག