༢༠༡༤ ཟླ་ ༤ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༠ ཉིན་དགུང་གྲངས་ ༩༢ ལ་སོན་པའི་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༦ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཏེ། དམ་པ་ཁོང་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་སླད། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།
དེ་ནས་སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་དོན། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུ་བ་རྣམ་པ། མི་དམངས་རྣམ་པ། སློབ་ཕྲུག་རྣམ་པ་བཅས་ལ་ཞུ་རྒྱུར། དེ་རིང་ང་ཚོ་འདི་གར་འཛོམས་དགོས་དོན་ནི། དགུང་གྲངས་ ༩༢ ལ་སོན་པའི་ཕུན་ཚོགས་དབང་རྒྱལ་ལགས་འདས་གྲོངས་སུ་གྱུར་འདུག དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་ན། ཕྱི་ལོ་ ༡༩༢༢ འབའ་ལུང་པར་སྐྱེས་ཤིང་། ན་གཞོན་སྐབས་ནན་ཅིང་ལ་སློབ་སྦྱོང་བྱེད་དུས་ལེ་ཉིན་གྱི་ལྟ་གྲུབ་སྐོར་གྱི་རྩོམ་ཡིག་ཅིག་མཐོང་སྟེ་དེར་དོ་སྣང་ཤུགས་ཆེ་གནང་འདུག ལེ་ཉིན་གྱི་ལྟ་གྲུབ་གཞིར་བཞག་ཐོག་སྤྱི་ཚོགས་རིང་ལུགས་བོད་ལ་དགོས་ངེས་ཤིག་འདུག་ཅེས་ཡིད་ཆེས་རྙེད་པ་མ་ཟད། མར་ཁེ་སིའི་ལྟ་བར་དོ་སྣང་ཤུགས་ཆེ་གནང་འདུག ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་པའི་ནང་འཛུལ་ཞུགས་གནང་འདུག ཕྱི་ལོ་ ༡༩༥༥ ནང་བོད་དོན་དང་འབྲེལ་བའི་ཐོག་ནས་རྒྱ་ནག་གཞུང་དང་གུང་ཁྲན་ཏང་གི་ཚོགས་པར་ཞབས་ཕྱིས་ཞུས་ཏེ། ལྷ་སར་ཡོང་ནས་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་ཀྱང་ཁོང་གིས་སྐད་བསྒྱུར་གྱིས་མཚོན་འགན་ཁུར་གང་ཙམ་ཞིག་གནང་འདུག དེ་བཞིན་ཕྱི་ལོ་ ༡༩༥༤།༥༥ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་འཚམས་གཟིགས་སྐབས་གསུང་བསྒྱུར་གཙོ་བོ་ཞུས་འདུག ཕྱི་ལོ་ ༡༩༥༨ ལོར་གུང་ཁྲན་ཏང་གི་ཚོགས་པའི་ནང་གཞི་རྩའི་ཁོང་རང་མར་ཁེ་སི་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བར་ཡིད་ཆེས་བྱེད་མཁན་ཞིག་ཡིན་རུང་བོད་མི་རིགས་ལ་ཞེན་ཁོག་ཤུགས་ཆེ་འདུག་ཅེས་ཕྱི་ལོ་ ༡༩༥༨ ལོར་ཁོང་གསང་བའི་ཐོག་འཛིན་བཟུང་བྱས་འདུག
ཕྱི་ལོ་ ༡༩༦༠ ལོར་གསལ་བསྒྲགས་ཀྱིས་བཙོན་འཇུག་བྱས་ཏེ་ལོ་ ༡༨ རིང་བཙོན་ཁང་ནང་དཀའ་ངལ་མྱངས་ཡོད། ཕྱི་ལོ་ ༡༩༧༨ ལོར་བཙོན་བཀྲོལ་ཐོབ་སྐབས་ཀྱང་ནང་མིའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་འདུག བཙོན་བཀྲོལ་རྗེས་ཕྱི་ལོ་ ༡༩༧༨།༧༩ དང་དམིགས་བསལ་རྒྱ་ནག་གི་རྩ་ཁྲིམས་གསར་པ་ཕྱི་ལོ་ ༡༩༨༢ ལོར་གཏན་འབེབས་བྱས་ཡོད་ཁོངས་ནས་ཕྱི་ལོ་ ༡༩༨༤ ལོར་གྲངས་ཉུང་མི་རིགས་ཀྱི་སྒྲིག་གཞི་གཏན་འབེབས་བྱེད་སྐབས། རྒྱ་ནག་གཞུང་ནས་དུས་རྟག་ཏུ་མི་རིགས་མཐུན་སྒྲིལ་དགོས་ཞེས་བརྗོད་ཀྱི་ཡོད། དེའི་ཐོག་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་མི་རིགས་མཐུན་སྒྲིལ་ཡོང་བར་འདྲ་མཉམ་གྱི་ཐོབ་ཐང་ངེས་པར་དུ་དགོས་ཀྱི་འདུག ཅེས་སྙན་ཞུ་ཕུལ་བ་མ་ཟད། བགྲོ་གླེང་ནང་མཉམ་ཞུགས་གནང་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེར་ཕུལ་ཡོད།