༢༠༡༤ ཟླ་ ༤ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༥ ཉིན་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༤ ནས་ ༩ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ལས་ཁུངས་དང་། གཏུག་བཤེར་ཁང་། ལས་ཤག་བཅས་ཀྱི་གནས་སྟངས་དང་མཐུན་རྐྱེན་ལ་ཞིབ་འཇུག དེ་བཞིན་ཁྲིམས་དོན་དང་སྤྱི་ཡོངས་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་སྐོར་ལམ་སྟོན་སླད་གཞུང་དོན་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད།
ཐེངས་འདིའི་གཞུང་དོན་ཕྱོགས་ཕེབས་དང་སྟབས་བསྟུན། ས་གནས་ཁྲིམས་ཞིབ་ཁང་གི་གོ་སྒྲིག་ལྟར། ཕྱི་ཟླ་ ༤ ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༡༥ ནས་ ༤།༡༥ བར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་ལུགས་བསམ་དང་བདེ་སྐྱིད་སླར་གསོ་བཅས་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན་དང་། དགོན་སྡེ་ཁག་གི་སྐུ་ཚབ། མཉམ་འབྲེལ་ཁག་གི་འགན་འཛིན་ཚོགས་མི། རང་བདེན་ཚོགས་ཆུང་གི་ཚོགས་མི། སྤྱི་མི་བརྒྱ་དཔོན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མི་གྲངས་ ༦༠ སྐོར་མཉམ་བཞུགས་མོལ་ཚོགས་འདུ་བསྐྱངས་པའི་ཐོག བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྤྱི་དང་། བྱེ་བྲག་ཏུ་ཁྲིམས་ཞིབ་ཁང་མ་ལག་གི་འཕེལ་རིམ་དང་། ཟུར་བཙུགས་ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ས་ཁོངས་ཁྱབ་ཚད་དང་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་བཅས་ཀྱི་གནས་སྟངས་སྙིང་བསྡུས། ས་གནས་ཁྲིམས་ཞིབ་པས་ཁྱབ་ཁོངས་སེར་སྐྱ་མང་ཚོགས་ལ་དུས་ནས་དུས་སུ་བོད་མིའི་ཁྲིམས་ལུགས་དང་བྱ་རིམ་སྐོར་གོ་རྟོགས་ལས་རིམ་སྤེལ་ཕྱོགས། སྔ་ལོ་བཞུགས་སྒར་དུ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་བཅས་ཀྱི་སྐོར་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡུལ་ཁྲིམས་སློབ་གཉེར་བའི་གྲངས་འབོར་སྤར་ཐབས་དང་། ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་དང་བསྐྱར་སྦྱོང་གི་ལས་རིམ་སྤེལ་དང་སྤེལ་མུས་ཐོག་མཉམ་ཞུགས་བྱེད་མཁན་མང་ཙམ་ཡོང་ཐབས་ས་གནས་ཀྱི་ལས་སྣེ་རྣམ་པས་མང་ཚོགས་ལ་གོ་བསྐོན་སློབ་གསོ་ཡོང་བའི་གཞེན་སྐུལ་དང་། ས་གནས་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་གཏུག་བྱུང་རིགས་ལ་དུས་ཐོག་བྱ་རིམ་དང་ཐག་གཅོད་བྱ་རྒྱུའི་ལས་འགན་ཡོད་པ་ལས། ཁྲིམས་ཞིབ་ཁང་རིམ་པས་མང་ཚོགས་དཀྱིལ་དུ་ཁ་མཆུ་ཡོད་མེད་འཚོལ་སྒྲུག་བྱ་རྒྱུའི་འགན་དབང་མེད་པ་མང་ཚོགས་ནས་གསལ་པོ་མཁྱེན་དགོས་གལ་ཆེ་ཡིན་པ། བཅའ་ཁྲིམས་དགོངས་དོན་ཟུར་འཛུགས་གནང་བའི་ས་གནས་ཁྲིམས་ཞིབ་ཁང་ལ་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་རྣམ་པས་མཐུན་འགྱུར་དང་། སེར་སྐྱ་མང་ཚོགས་ནས་ས་གནས་ཁྲིམས་ཞིབ་ཁང་ལ་རྒྱབ་སྐྱོར་དང་ཆེ་མཐོང་ཞུ་དགོས་རང་བཞིན་གྱི་གནས་བབ་ཡིན་པར་ཚང་མས་ཐུགས་འགན་བཞེས་དགོས་པའི་རེ་སྐུལ་གནང་བ་དང་། ཚོགས་ཞུགས་པས་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་དང་འབྲེལ་བའི་དྲི་བ་ཁག་ལ་གསལ་བཤད་ལན་འདེབས་གནང་ཡོད།
ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༡༥ ནས་ ༥།༡༥ བར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ལུགས་བསམ་དང་བདེ་སླར། ཧུན་སུར་རབ་རྒྱས་གླིང་བཅས་གཞིས་ཆགས་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་ལྷན་བཞུགས་མོལ་ཚོགས་འདུའི་སྐབས། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་ཁོངས་ཁྱབ་ཚད་དང་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་སྙིང་བསྡུས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ལོ་ཤས་ནང་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་རིམ་པ་གནང་སྟེ། ད་ཆ་རྒྱ་བལ་གཉིས་ཀྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མིའི་ཁྲིམས་རྩོད་པ་གྲངས་ ༡༥༦ ཙམ་སྐྱེད་སྲིང་བྱེད་ཐུབ་ཡོད་པ་དེས་སྤྱི་ཚོགས་ནང་ཁ་མཆུ་ཞུ་གཏུག་དང་ཁྲིམས་ལུགས་གོ་རྟོགས་ཀྱི་གནས་བབ་ལ་ཕན་ཐོགས་གང་ལེགས་བྱུང་ཡོད་པ་དང་། བོད་མིའི་ཁྲིམས་རྩོད་པ་རྣམ་པས་སོ་སོའི་གཞིས་ཆགས་ནང་ཉམ་ཐག་ཤེས་རྨོངས་རིགས་ལ་ཁྲིམས་ཀྱི་དབང་སྒྱུར་གྱི་ཁེ་ཕན་ཐོབ་ཐབས་སུ་རོགས་རམ་དང་ལམ་སྟོན་ངེས་པར་དུ་དགོས་པ། དེ་བཞིན་བོད་མིའི་ཁྲིམས་ལུགས་སྐོར་ལམ་སྟོན་ཞུ་མཁན་རིགས་ལ་ཕན་གྲོགས་གང་ཐུབ་བྱ་དགོས་སོགས་ཀྱི་སྐོར་ལམ་སྟོན་དང་རེ་སྐུལ་ཞིབ་ཕྲ་གནང་བ་དང་། བོད་མིའི་ཁྲིམས་རྩོད་པ་དོ་བདག་སོ་སོའི་ཁྲིམས་རྩོད་པའི་ལས་ཁུར་ཞུ་སྐབས་བླང་དོར་ལམ་སྟོན་གཞིར་བཟུང་ལག་བསྟར་དགོས་རྒྱུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་དང་བསྐྱར་སྦྱོང་ལས་རིམ་མུ་མཐུད་གནང་འཆར་ཡོད་སྐོར་སོགས་ཞིབ་ཕྲ་གསལ་བཤད་དང་ལམ་སྟོན་གནང་ཡོད་པ་དང་། དྲི་བ་དང་བསམ་ཚུལ་ཁག་ལ་གསལ་བཤད་ལན་འདེབས་གནང་ཡོད།
ཚུར་ལམ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ལྡི་ལིར་བོད་མིའི་སྒྲིག་འཛུགས་ཀྱི་ཡུལ་ཁྲིམས་སློབ་སྟོན་པ་སྐུ་ཞབས་མུ་ཁེ་ལགས་མཇལ་འཕྲད་གནང་སྟེ། ཐེངས་འདིའི་གཞུང་དོན་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་ཡོད། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ཐེངས་འདིར་གཞུང་དོན་ཕྱོགས་བསྐྱོད་སྐབས། བྷེང་ལོར་ལྷོ་སྤྱི་དང་། ལུགས་བསམ་དང་བདེ་སླར་ས་འགོ་ལས་ཁང་། ས་གནས་ཁྲིམས་ཞིབ་ཁང་། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་བཅས་ནས་ཕེབས་སྐྱེལ་དང་། སྣེ་ལེན། ལས་རིམ་གོ་སྒྲིག་བཅས་ལ་མཐུན་འགྱུར་གང་གཟབ་ཞུས་ཡོད་པ་བཅས།