༢༠༡༤ ཟླ་ ༣ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །འདི་གར་ལྷོ་སྤྱི་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༣ ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་མེ་ཐིག་སོ་ས་ཡི་ཊི་ Mythic society ཞེས་པའི་ཚོགས་ཁང་དུ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ (Bharat Tibbat Sahyog Manch) ཡན་ལག་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྐོར་དང་། བོད་མིའི་རང་དབང་ (Indo-China Relations and Freedom of Tibet) ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་གོ་སྒྲིག་གནང་འདུག
དེ་ཡང་ཚོགས་འདུའི་སྐུ་མགྲོན་གཙོ་བོ་ཀར་ན་ཊ་ཀ་མངའ་སྡེའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཨེས་ཨར་ནཱ་ཡག་ Dr S.R Nayakལགས་ཀྱིས་གཙོས་མཁས་དབང་ཀུལ་རྡིབ་ཅནྜ་ཨག་ནི་ཧོཏྲི་ Dr.Kuldeep chand Agnihotri ལགས་དང། སྦེང་ལོར་ལྷོ་སྤྱི་ཀརྨ་སེང་གེ་ལགས། མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གུ་རུ་རྒྱལ་མཚན་ལགས་བཅས་གནད་ཡོད་མི་སྣ་ཁག་གཅིག་ལྷན་འཛོམས་དང་འབྲེལ་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་ཀར་ན་ཊ་ཀ་མངའ་སྡེའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བི་བྷི་ཨེ་སི་རཡི་ཀར་ shri BS Raikar ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་མཁས་དབང་ཀུལ་རྡིབ་ཅནྜ་ཨག་ནི་ཧོཏྲི་ལགས་ཀྱིས་འཕགས་བོད་ཀྱི་འབྲེལ་བའི་སྐོར་ཞིབ་ཕྲ་གསུང་པ་མ་ཟད། བོད་མིའི་རང་དབང་སླར་གསོ་ཆེད་རྒྱ་གར་གཞུང་ངོས་ནས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་ནས་ལྷོ་སྤྱི་ཀརྨ་སེང་གེ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་ལས་དོན་གནང་ཕྱོགས། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་གཉིས་ཏེ་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་། བོད་མིའི་རང་དབང་སླར་གསོའི་ཆེད་བདེན་པའི་འཐབ་རྩོད་སྐོར་ངོ་སྤྲོད་སྙིང་བསྡུས་གནང་བ་མ་ཟད། བོད་ནང་རྒྱ་མིའི་མི་འབོར་སྤོ་ཤུགས་དང་། དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་གཏོང་བཞིན་པ། དེ་བཞིན་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་དུ་མེ་འཁོར་འགྲོ་ལམ་གསར་འཛུགས་ཀྱི་ལས་གཞི་རྒྱ་སྐྱེད་བཏང་བ་དེས་རྗེས་འབྲས་ཇི་བྱུང་སྐོར་སོགས་ཀྱི་གནད་དོན་ཐོག་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨེས་ཨར་ནཱ་ཡཀ་ལགས་ཀྱིས་རྒྱ་དམར་གྱི་བོད་ནང་མི་འབོར་ཕོན་ཆེ་སྤོ་ཤུགས་བྱ་རྒྱུའི་སྲིད་བྱུས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་ཁབ་ཀྱི་ངོ་བོ་བཅས་པ་རྩ་མེད་གཏོང་རྒྱུའི་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་མེ་འཁོར་འབབ་ཚུགས་བཟོས་པ་དེས་བོད་ནང་རྒྱ་རིགས་ཧ་ཅང་མང་པོ་དུས་ཚོད་ཐུང་ངུའི་ནང་གནས་སྤོ་བྱེད་ཐུབ་རྒྱུ་ཡིན་པ་དེས་མ་འོངས་པར་བོད་མིའི་མི་འབོར་འཕེལ་རྒྱས་ཐད་དཀའ་ངལ་བཟོ་རྒྱུ་ཡིན་སྐོར་གསུངས། མཐར་ཀར་ན་ཊ་ཀ་མངའ་སྡེའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཞབས་ཨམ་རུཏ་ཇོ་ཤཱི་ Shri Amruth Joshi ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
སྔ་དྲོ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་སྟེ་ཡུལ་མི་དང་བོད་མི་རྣམས་ནས་འདི་ལོར་ལས་གཞི་གསར་པ་སྤེལ་ཕྱོགས་སྐོར་དང་། མང་ཚོགས་ལ་བོད་དོན་གོ་རྟོགས་སྤེལ་སླད་ལྷན་ཚོགས་སྐོང་ཚོགས་གནང་རྒྱུ་བཅས་ཀྱི་སྐོར་གོ་བསྡུར་གནང་འདུག