༢༠༡༤ ཟླ་ ༣ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢ ཉིན་ཁེ་ན་ཌའི་ (The Globe and Mail) ཞེས་པས་གནས་ཚུལ་སྤེལ་དོན་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་ནང་རྒྱ་ནག་གཞུང་གིས་དྲག་པོའི་དམག་དཔུང་ཁྱོན་ཆེ་འགྲེམས་འཇོག་བྱས་དང་བྱེད་མུས་ཡིན་པ་མ་ཟད། བོད་མིར་ཚད་ལས་བརྒལ་བའི་དམ་བསྒྲགས་བྱེད་བཞིན་པའི་གནས་སྟངས་འོག་བོད་མི་རྣམས་བཟོད་བསྲན་མི་ཐུབ་པ་བཟོ་བཞིན་ཡོད་པར་བརྟེན། ཁེ་ན་ཌའི་དབུ་ཁྲིད་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་གཟིགས་ཞིབ་གནང་ཆེད་བོད་ནང་དངོས་སུ་ཕེབས་རོགས་གནང་། ཞེས་ཁེ་ན་ཌའི་ནུབ་ཕྱོགས་ཝན་ཁུ་ཝར་ (Vancouver) དང་། ཁལ་ག་རི་ (Calgary) བཅས་སུ་གཞུང་འབྲེལ་གཟིགས་སྐོར་གནང་སྐབས་ཁ་ན་ཌའི་གཞུང་ལ་འབོད་སྐུལ་ཞུས་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་ཐབས་སླད། ཁེ་ན་ཌ་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོའི་ཐོག་གནོན་ཤུགས་སྤྲོད་དགོས། ཁེ་ན་ཌ་གཞུང་གི་ཆོས་དད་རང་དབང་སྐུ་ཚབ་ཀྱང་བོད་ནང་དངོས་སུ་ཕེབས་ཏེ་རྒྱ་ནག་གཞུང་གིས་བཤད་པ་དེ་ཚོར་དཔྱད་ཞིབ་གནང་རོགས། ཞེས་རེ་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་འདུག
ཕྱོགས་མཚུངས་ཁེ་ན་ཌའི་ཆོས་དད་རང་དབང་སྐུ་ཚབ་ཨན་ཌོར་ (Andrew Bennett) ལགས་ཀྱིས་བསྒྲགས་གཏམ་ཤིག་སྤེལ་བའི་ནང་འཁོད་དོན། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དད་རང་དབང་ལོངས་སུ་སྤྱོད་ཕྱོགས་ལ་དམ་བསྒྲགས་བཀག་འགོག་བྱེད་ཀྱི་ཡོད་པའི་གནས་སྟངས་ཐད་ཁེ་ན་ཌའི་མི་མང་ཚོར་བློ་འཚབ་སྐྱེ་བཞིན་ཡོད། ལྷག་པར་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བཞིན་པའི་གནས་སྟངས་ཐད་ང་ཚོར་དེ་བས་ཀྱང་བློ་འཚབ་ཆེ་བ་ཡོད། ཅེས་འཁོད་འདུག་པ་བཅས། །