༢༠༡༤ ཟླ་ ༣ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །བོད་རྒྱལ་ལོ་ ༢༡༤༡ བོད་ཟླ་ ༡ ཚེས་ ༡ ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢ ཉིན་རབ་གནས་ཤིང་རྟ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་མི་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་ལོ་གསར་ཚེས་གཅིག་ཉིན་གྱི་མཛད་སྒོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་(Augsburg College in Minneapolis, Minnesota) མི་ནི་སོ་ཊའི་མ་ནི་ཕོ་ལི་སི་ནང་རྟེན་གཞི་བྱས་པའི་ཨུ་གྷ་བྷུར་གྷ་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ནང་སྲུང་བརྩི་ཞུ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལོ་གསར་ལ་འཚམས་འདྲིའི་གསུང་བཤད་གནང་དོན། ལྷར་བཅས་སྲི་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་སྐྱབས་གནས་དགེ་འདུན་གྱི་སྡེ། བཀུར་འོས་བྱང་ཨ་རིའི་སྤྱི་འཐུས་རྣམ་པ་གཉིས།
དེ་བཞིན་མི་ནི་སོ་ཊས་གཙོས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་དང་འཐུས་མི་རྣམ་པ། སྲི་ཞུའི་ལས་ཟུར་རྣམ་པ། མི་དམངས་ཚང་མར་གནམ་ལོ་གསར་ཚེས་ཉིན་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་གསར་མཛད་སྒོའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་ནི་ཧ་ཅང་སྐལ་པ་བཟང་པོ་ཞིག་རེད། གུས་པས་བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་མཆོག་ལ་དགའ་དད་སྤྲོ་གསུམ་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་སྐུ་ཁམས་གསལ་ཐང་ཡོང་བ་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ༸གོང་ས་མཆོག་འཛམ་གླིང་སྤྱི་ཡོངས་ནང་མཛད་འཕྲིན་སྔར་ལྷག་རྒྱས་བཞིན་ཡོད་པ་དེ་ནི་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད། འཛམ་གླིང་ས་ཕྱོགས་གང་དུ་ཆིབས་སྒྱུར་བསྐྱང་ཡང་གུས་བརྩི་ཞུ་མཁན་ལོ་རེ་ལས་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད། ཉེ་ཆར་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་དང་མཇལ་འཕྲད་མཛད་སྐབས། སྲིད་འཛིན་མཆོག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ཕོ་བྲང་དཀར་པོའི་གསར་འགོད་གསལ་བསྒྲགས་ནང་ཁ་གསལ་བཀོད་ཡོད། དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་རྒྱུ་ཡིན། ང་རང་ལྟ་བུ་ཡིན་ན་གཞིས་ཆགས་ཁག་མང་ཆེ་བ་དང་འཛམ་གླིང་སྤྱི་ཡོངས་ནང་བོད་པ་ཡོད་སའི་ས་ཁུལ་ཁག་ཏུ་བཅར་རྒྱུའི་གོ་སྐབས་བྱུང་། ས་གནས་ཁག་ཚང་མ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་བརྩི་བཀུར། དེ་བཞིན་མི་དམངས་ནས་ཀྱང་སེམས་ཤུགས་དང་ལྷག་བསམ་ཁྱེར་ཏེ་ཕྱར་གྲུ་མཉམ་འདེགས་གནང་བཞིན་འདུག ཅེས་ཞུ་རྒྱུ་ཡིན།
ལྷག་པར་ཆོལ་ཁ་དང་ཆོས་ལུགས་དབྱེར་མེད་ཐོག་ནས་བོད་སྤྱིའི་རྩ་དོན་ལ་འབད་བརྩོན་ཞུས་དང་ཞུ་མུས་ཡིན། དམིགས་བསལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་རས་སྩལ་རྗེས་ཀྱང་མི་དམངས་ནས་འགན་ཁུར་ཆེན་པོས་ཆབ་སྲིད་དང་རྩ་དོན་ཐོག་འབད་བརྩོན་ཆེར་སྐྱེད་གནང་གི་འདུག ཅེས་སྙན་སྒྲོན་ཞུ་རྒྱུ་ཡིན། འོན་ཀྱང་བློ་ཕམ་དགོས་པའི་གནས་ཚུལ་ཞིག་ལ་དོལ་རྒྱལ་དང་འབྲེལ་བའི་ཐོག་ནས་ཉེ་ཆར་བོད་མི་ཧ་ཅང་ཉུང་ཤས་ཤིག་དང་ཕྱི་རྒྱལ་མི་རིགས་ཉུང་ཤས་ཤིག་གིས་རྨོངས་དད་དང་སྦྲགས་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུའི་འབད་བརྩོན་བྱེད་མུས་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་སྩལ་དང་སྩོལ་མུས་ཡོད་པ་དེ་དག་ནི་ནང་པ་སངས་རྒྱས་པའི་ཆོས་ཡང་དག་པ་གང་འདྲ་ཞིག་ཡིན་མིན་ངོ་སྤྲོད་མཛད་བཞིན་ཡོད། དེ་བཞིན་བླ་སློབ་ཀྱི་དམ་ཚིག་གཙང་མ་དགོས་ཀྱི་ཡོད་སྐོར་ཐོག་ནས་ལམ་སྟོན་བཀའ་སློབ་ཕེབས་ཀྱི་ཡོད་པ་རེད་མ་གཏོགས་ཆོས་དད་རང་དབང་དང་འབྲེལ་བ་རྩ་བ་ནས་མེད། ཅེས་བརྗོད་རྒྱུ་ཡིན། དེ་བཞིན་ཨ་རིའི་སྲུང་སྐྱོབ་ཚན་པའི་གསང་བའི་སྙན་ཐོའི་ནང་༸གོང་ས་མཆོག་གི་སྐུ་ཕྱྭར་དོལ་རྒྱལ་ཚོགས་པའི་ཉེན་ཁ་ཡོད་སྐོར་ཧ་ཅང་གསལ་པོ་འཁོད་ཡོད། དེར་བརྟེན་ཚང་མས་གནད་དོན་དེ་ཐུགས་ལ་བཅང་སྟེ་དུས་རྒྱུན་དུ་འགན་ཁུར་ཤུགས་ཆེ་ཙམ་ལེན་རོགས་གནང་ཞུ་རྒྱུ་ཡིན། བཀའ་ཤག་ལ་ཡང་གནད་དོན་དེའི་ཐོག་ཧ་ཅང་བློ་འཚབ་ཆེན་པོ་ཡོད། འདས་པར་བྱུང་བའི་གནས་ཚུལ་དེ་དག་ཐོག་བློ་ཕམ་ཡོད་ལ་ཧ་ཅང་ཐབས་སྐྱོ་པོ་རེད། ཅེས་བརྗོད་ཀྱི་ཡོད། དེར་བརྟེན་མི་དམངས་སྤྱི་ཡོངས་ནས་ཐུགས་སྣང་འགན་ཁུར་ལེན་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཆགས་ཡོད། དེ་རིང་ལོ་གསར་ཚེས་གཅིག་ཉིན་མོར་མི་ནི་སོ་ཊར་བཅར་རྒྱུ་བྱུང་བ་དང་། དེ་བཞིན་གཞིས་ལུས་བོད་མི་ཚོས་མཐའ་གཅིག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་བཀུར་ཞུ་མུས་རེད། མདོར་ན། ང་ཚོ་ཚང་མས་རྡོག་རྩ་ཆིག་སྒྲིལ་དང་ལྷག་བསམ་རྣམ་དག་ཐོག་ནས་ལས་དོན་བསྒྲུབ་རྒྱུ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད། ཅེས་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསུང་བཤད་གནང།