༢༠༡༤ ཟླ་ ༣ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༥ ཉིན་སྦི་རིར་རྟེན་གཞི་བྱས་པའི་སུ་ཇ་སློབ་གྲྭ་དབུ་བརྙེས་ནས་ལོ ༢༨ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་སློབ་གྲྭ་དེའི་ཚོགས་ཁང་ནང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་རྡ་ས་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་དང་། བོད་ཁྱིམ་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི་རྣམ་པ། ཁུལ་དེར་ཡོད་པའི་སྦི་རི་བོད་ཚོགས་དང་ས་གནས་འགོ་འཛིན་རྣམ་པ། དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་དགེ་ལས་སློབ་ཕྲུག་སོགས་ལྷན་འཛོམས་ཐོག་སུ་ཇ་བོད་ཁྱིམ་གྱི་ངེས་སྟོན་པས་སློབ་གྲྭ་དེའི་སྐོར་གསུང་བཤད་གནང་དོན། སློབ་གྲྭ་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༨༦ ལོར་བཀའ་ཤག་གི་འཛིན་སྐྱོང་འོག་སྦི་རི་བོད་ཚོགས་ཀྱི་ཚོགས་ཁང་གཡར་ནས་བོད་ཕྲུག་ན་གཞོན་ ༦༨ ལ་གསར་འཛུགས་གནང་བ་ཞིག་ཆགས་ཡོད། རིམ་བཞིན་བཀའ་ཤག་ངོས་ནས་བོད་ཁྱིམ་སློབ་གྲྭ་ནི་ཤེས་ཡོན་ཐོག་རྒྱུས་མངའ་ཆེ་བ་མ་ཟད། ཆ་རྐྱེན་འཛོམས་པོ་ཡོད་པར་བརྟེན་འཛིན་སྐྱོང་བཀའ་ཤག་ནས་བོད་ཁྱིམ་སློབ་གྲྭས་ཕྱི་ལོ་ ༡༩༩༠ ཟླ་ ༡༡ ནས་རྩིས་ལེན་དགོས་པའི་ལམ་སྟོན་ཕེབས་པ་ལྟར། བོད་ཁྱིམ་ནས་འགན་ཁུར་གཙང་བཞེས་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་འདི་ལོ་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་ལོ་འདི་ཧྲིལ་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་བཞིན། ད་ལྟ་ང་ཚོར་གང་ཡོད་པ་རྣམས་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་སྟབས། དུས་དང་རྣམ་པ་ཀུན་ཏུ་༸གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་སྙིང་བཅངས་ཞུ་རྒྱུ་ཧ་ཅང་ག་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་སྦི་རི་སུ་ཇཱ་སློབ་གྲྭ་དབུ་བརྙེས་ནས་ལོ་ ༢༨ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་མགྲོན་འབོད་ལྟར་བཅར་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་དགའ་པོ་བྱུང། ཁྱེད་རང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་གཞིར་བཟུང་རིགས་གཅིག་རྐང་འཛིན་ཐོག་ཁྱད་དུ་འཕགས་པ་ཞིག་ཆགས་པ་བྱས་ཏེ་སྤྱི་ཚོགས་ནང་གཟེངས་སུ་ཐོན་པའི་ལས་ཀ་བྱེད་ཐུབ་པའི་འབད་བརྩོན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་རྡ་ས་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གིས་བཀའ་དྲིན་ལ་བརྟེན་ད་ལྟ་གནས་སྟངས་བཟང་དུ་ཕྱིན་ཡོད་སྟབས། སློབ་ཕྲུག་ཚོས་སྤྱིར་ཤེས་ཡོན་དང་ལྷག་པར་སོ་སོའི་རིག་གཞུང་དང་སྐད་ཡིག་ཐོག་ཤུགས་གནོན་རྒྱག་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
ད་ལྟའི་ཆར་སློབ་གྲྭ་དེར་སློབ་ཕྲུག ༡༤༥༥ ཡོད་ཁོངས་ནས་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་སློབ་ཕྲུག་གྲངས་ ༢༥༠ ལྷག་ཡོད་འདུག