༢༠༡༤ ཟླ་ ༣ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༥ ཉིན་བཏང་གནས་ནང་འཁོད་དོན། ཤར་ཕྱོགས་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༣ ནས་ ༢༦ བར་སྒང་ཏོག་ས་གནས་འགོ་འཛིན་ཁྱབ་ཁོངས་འོག་ཡོད་པའི་ཁ་འཐོར་བོད་མི་འདུ་གནས་ཁག་གཅིག་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད།
ཐེངས་འདིར་ས་གནས་འགོ་འཛིན་བདུད་འདུལ་རྡོ་རྗེ་ལགས་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་དང་ལྷན་ཕེབས་གནང་ཡོད་པ་དང་། ས་གནས་ཁྲིམས་ཞིབ་པས་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར་ཚ་ཐང་དང་། ཕྱི་དྲོར་མོ་ཤི་ཐང་དང་ཅུང་ཐང་། ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པར་ལ་ཆུང་། ཉིན་གུང་སྤ་གོང་། ཕྱི་དྲོ་མོ་གལ་བཅས་སུ་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད་པ་དང་། ས་གནས་སུ་གངས་མཐུག་པོ་བབས་རྐྱེན། རེ་འགར་བོད་མི་རྣམས་ཕྱོགས་ཐོན་བྱས་འདུག་པའི་སྟབས་ཀྱིས། སྔོན་འཆར་ལྟར་གྱི་ས་གནས་ཁ་ཤས་ལ་ངོ་ཕེབས་གནང་ཐུབ་མི་འདུག
འདི་ནི་ས་གནས་ཁྲིམས་ཞིབ་པ་ཁྱབ་ཁོངས་ས་གནས་དེ་དག་ཏུ་ཕྱོགས་ཕེབས་ཐོག་མ་དེ་ཡིན་སྟབས། ངོ་སྤྲོད་འཚམས་འདྲི་དང་སྦྲགས་ཏེ་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད་འདུག