༢༠༡༤ ཟླ་ ༣ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༤ རྒྱལ་སྤྱིའི་ཊི་བྷི་ཉིན་མོར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གི་ཡོངས་ཁྱབ་གསུང་བཤད་ནང་འཁོད་དོན། ཕྱི་ལོ་ ༡༨༨༢ ཟླ་ ༣ ཚེས་ ༢༤ ཉིན་སྨན་པ་རོ་བྷཊ་ཀོག་ Dr.Robert Koch མཆོག་གིས་ཊི་བིའི་ནད་གཞིའི་འབྱུང་རྐྱེན་ནད་འབུ་ཞིག་ཡིན་པ་ཐོག་མར་ངོ་རྟགས་ཆོད་པ་ནས་བཟུང་། ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་འཛམ་གླིང་ཁྱོན་ཡོངས་ལ་ཊི་བི་ཉིན་མོ་ཞེས་སྲུང་བརྩི་ཞུ་ཡི་ཡོད། ཊི་བིའི་ནད་གཞི་འདི་ནི་དུས་ཐོག་ཏུ་བརྟག་དཔྱད་དང་སྨན་བཅོས་ཚུལ་མཐུན་ཞིག་བྱས་ཚེ་ལས་སླ་པོའི་ངང་བཅོས་ཐུབ་པ་དང་སྔོན་འགོག་ཐུབ་པའི་ནད་ཅིག་ཡིན།
༢༠༡༤ ལོའི་འཛམ་གླིང་ཊི་བི་ཉིན་མོའི་བརྗོད་གཞི་ནི། “མི་འབོར་ས་ཡ་གསུམ་ལ་ཊི་བིའི་ནད་གཞི་བརྟག་དཔྱད་དང་། སྨན་བཅོས། བཅོས་ཐབས་ཐུབ་པ་བྱ་རྒྱུ། ” ཞེས་པ་འདི་ཡིན། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༡༣ ལོའི་འཛམ་གླིང་ཊི་བིའི་ནད་གཞི་སྙན་ཐོའི་ནང་། ཊི་བིའི་ནད་གཞིས་ཟིན་པའི་ཉུང་མཐར་མི་ས་ཡ་གསུམ་ཙམ་ལ་ཊི་བིའི་ནད་གཞི་བརྟག་དཔྱད་མ་ཐུབ་པའི་སྐོར་གསལ་ཡོད། ཊི་བིའི་ནད་གཞི་ནི་བཅོས་ཐབས་བྱ་སླ་བ་ཞིག་ཡིན་མོད་ཀྱང་། ཊི་བིའི་ནད་པ་རྣམས་ལ་བརྟག་དཔྱད་དང་། བཅོས་ཐབས་ཐད་ད་མུས་སྤེལ་བཞིན་པའི་ང་ཚོའི་འབད་བརྩོན་ནི་འདང་ངེས་ཤིག་བྱུང་མེད།
ཊི་བིའི་ནད་གཞི་བརྟག་དཔྱད་མ་ཐུབ་པའི་མི་ས་ཡ་གསུམ་གྱི་ནང་ནས་མང་ཆེ་བ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ཆེས་ཉམ་ཐག་གི་ཚོགས་སྡེའི་ནང་གནས་མཁན་དང་། དེའི་ནང་སྐྱབས་བཅོལ་བ་རྣམས་ཀྱང་ཚུད་ཡོད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཚོགས་UNHCR ཀྱི་སྙན་ཐོ་ལྟར་བྱས་ན། ཕྱི་ལོ་ ༢༠༡༣ ནི་འཛམ་གླིང་ཁྱོན་ཡོངས་སུ་སྐྱབས་བཅོལ་བ་དང་ཡུལ་ལུང་ནང་ཁུལ་གནས་སྤོ་བྱེད་མཁན་ཁྱོན་བསྡོམས་ས་ཡ་ ༤༥།༢ བཅས་གྲངས་འབོར་མང་ཤོས་ཤིག་ཆགས་ཡོད། སྐྱབས་བཅོལ་བ་དང་ཊི་བིའི་ནད་གཞིའི་དབར་དམིགས་བསལ་གྱི་འབྲེལ་བ་རིང་པོ་ཞིག་ཆགས་ཡོད་ཅིང་། འཛམ་གླིང་གི་སྐྱབས་བཅོལ་བའི་མི་འབོར་ཕྱེད་ཀ་ལྷག་ཙམ་ལ་ཊི་བིའི་ནད་གཞི་ཕོག་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད། བོད་མི་སྐྱབས་བཅོལ་བ་ཚོའི་དཀའ་ཚེགས་ཅན་གྱི་འཚོ་བའི་གནས་སྟངས་ཀྱི་རྐྱེན་པས་ཊི་བིའི་ནད་གཞི་འཕོག་རྒྱུའི་ཉེན་ཁ་ཡོད། ཕྱི་ལོ་ ༡༩༦༠ ལོའི་འགོ་སྟོད་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཊི་བིའི་ནད་གཞིའི་ཁྱབ་ཚད་ནི་སྐབས་དེའི་མི་འབོར་གྱི་བརྒྱ་ཆ་ ༣༠ ཙམ་ཟིན་གྱི་ཡོད། ལོ་ཤས་ནས་བཟུང་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། བོད་མི་སྐྱབས་བཅོལ་བའི་ཁྲོད་ཊི་བིའི་ནད་གཞི་སྤྱི་དང་། ལྷག་པར་ Drug Resistant TB གྱིས་རྐྱེན་པས་འཕྲོད་བསྟེན་ཐད་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད།
འཕྲོད་བསྟེན་ལས་ཁུངས་ཀྱི་ཊི་བིའི་སྔོན་འགོག་ལས་གཞིའི་ཐོག་ནས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ནང་ཡོད་པའི་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་བརྒྱུད་ཊི་བིའི་ནད་པ་རྣམས་ལ་སྨན་བཅོས་དང་ལྟ་སྐྱོང་གང་ཐུབ་བྱེད་བཞིན་ཡོད། ལས་གཞི་དེ་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་། གནས་ཡུལ་རྒྱ་གར་གྱིས་གཏན་འབེབས་གནང་བའི་སྨན་བཅོས་ལམ་སྟོན་གཞིར་བཟུང་ལག་བསྟར་ཞུ་བཞིན་ཡོད། གཞི་རིམ་འཕྲོད་བསྟེན་སྨན་ཁང་ནས་གཞིས་མི་ནད་པ་རྣམས་ལ་ཐོག་མར་སྨན་ཁང་གཞན་ལ་མཚམས་སྦྱོར་དང་འབྲེལ་བརྟག་དཔྱད་དང་སྨན་བཅོས་ཀྱི་མཐུན་རྐྱེན་ལྡན་པའི་སྨན་ཁང་ཆེ་ཁག་ལ་གཏོང་ཐབས་བྱེད་བཞིན་ཡོད། འཕྲོད་བསྟེན་ལས་ཁུངས་ནས་རང་རེའི་བོད་མིའི་སྤྱི་ཚོགས་ཁྲོད་ཊི་བི་ནད་གཞིའི་ཐད་གོ་རྟོགས་མུ་མཐུད་སྤེལ་ཐབས་དང་། མི་མང་གི་ངོས་ནས་ལས་དོན་དེའི་ཐོག་རྒྱབ་སྐྱོར་འཐོབ་ཆེད་འབད་བརྩོན་གང་ཐུབ་ཞུ་བཞིན་ཡོད། ཊི་བིའི་སྨན་ཁང་ཆེ་ཆུང་ཚང་མས་ཊི་བི་རིམ་པ་གཉིས་པ་ (SCC-TB) དང་ཨེམ་ཌི་ཨར་ཊི་བི་ (MDR TB) ནད་པ་རྣམས་ལ་ཊི་བིའི་སྨན་རིན་མེད་དམ་རིན་གོང་ཆག་ཡང་ཐོག་མཁོ་སྤྲོད་དང་། འཚོ་བཅུད་ཀྱི་མཐུན་འགྱུར་རོགས་རམ་གནང་བཞིན་ཡོད། ནད་འབུ་སྐྱེད་སྤེལ་(Culture Testing) བརྟག་དཔྱད་དང། ནད་འབུ་ཡོད་མེད་ (GeneXpert) སོགས་ཀྱི་ཊི་བིའི་ནད་གཞི་བརྟག་དཔྱད་རིན་མེད་ཐོག་བྱེད་བཞིན་ཡོད།
ཊི་བི་ནད་གཞི་སྔོན་ཚུད་ནས་ངོས་འཛིན་དང་སྨན་བཅོས་ཆེད་ལོ་རེ་སློབ་གྲྭ་དང་དགོན་སྡེ་ཁག་གི་ནང་བརྟག་དཔྱད་བྱེད་བཞིན་ཡོད། ད་བར་འཕྲོད་བསྟེན་ལས་ཁུངས་ཀྱི་ཊི་བི་སྔོན་འགོག་ལས་གཞི་བརྒྱུད་བོད་མིའི་སྤྱི་ཚོགས་ཁྲོད་ཊི་བི་སྨན་བཅོས་ཀྱི་ཆ་རྐྱེན་བསྐྲུན་རྒྱུའི་ཐོག་གྲུབ་འབྲས་མི་དམན་ཙམ་སོན་ཐུབ་པ་བྱུང་ཡོད། འཛམ་གླིང་ཊི་བིའི་ཉིན་མོ་འདི་ནི་འཛམ་གླིང་སྤྱི་དང་། ལྷག་པར་བོད་མིའི་སྤྱི་ཚོགས་ཁྲོད་ཊི་བིའི་ནད་གཞིའི་ཐད་གདོང་ལེན་བྱ་རྒྱུའི་གོ་སྐབས་བཟང་ཤོས་ཤིག་ཆགས་ཡོད། བོད་མི་མི་རེ་ངོ་རེ་ནས་ཊི་བིའི་ནད་གཞི་མཁྱེན་རྟོགས་དགོས་རྒྱུ་གལ་ཆེ། ང་ཚོས་ཊི་བི་ནད་གཞི་ངོ་འཕྲོད་པའི་ཐོག ཊི་བི་ནད་ངོ་མ་འཕྲོད་ཀྱང་ནད་གཞི་ཡོད་སྲིད་པའི་མི་ཚོ་ངོས་འཛིན་དང་འབྲེལ་སྨན་བཅོས་ཐུབ་པའི་ལག་བསྟར་བྱ་དགོས། འཕྲོད་བསྟེན་ལས་ཁུངས་ཀྱི་ཊི་བི་བརྟག་དཔྱད་བྱ་རྒྱུའི་ལས་གཞིའི་ལམ་ནས། ཊི་བིའི་གནས་བབས་ཤེས་རྟོགས་མེད་པའི་ནད་གཞི་འཕོག་ཉེན་གྱི་གང་ཟག་རྣམས་ལ་ནད་གཞི་བརྟག་དཔྱད་དང་ནད་ངོ་ཟིན་པ་བྱ་རྒྱུ་དེ་ཡིན། དེ་སྔ་ཉམས་ཞིབ་བྱས་པ་བརྒྱུད་བོད་མིའི་སྤྱི་ཚོགས་ཁྲོད་ཊི་བི་ནད་གཞིའི་རྒྱུ་རྐྱེན་ཇི་ཡིན་དང་ཁྱབ་ཚུལ་ཇི་ལྟར་འགྲོ་མིན་ཐད་ཤེས་རྟོགས་ཐུབ་པ་བྱུང་ཡོད། ད་ལྟའི་དུས་ཚོད་འདི་ནི་ཊི་བིའི་ནད་གཞིའི་དཀའ་ངལ་ལ་གདོང་ལེན་བྱས་ཏེ། འཆར་ལ་ཉེ་བའི་ལོ་ཟླའི་ནང་ཊི་བིའི་ནད་གཞི་མེད་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་དུས་ལ་འབབ་ཡོད་ཞུ་རྒྱུ་བཅས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ནས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༤ ལ།།