༢༠༡༤ ཟླ་ ༣ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋགོང་ས་ལྷ་མིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མིའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ྋཞབས་པད་གསེར་ཁྲི་མངོན་པར་མཐོ་བའི་དྲུང་དུ།
གུས་འབངས་མི་ནི་སོ་ཊར་གནས་འཁོད་བོད་མི་ཡོངས་ནས་སྒོ་གསུམ་གུས་པ་ཆེན་པོས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ། བོད་རྒྱལ་ལོ་ ༢༡༤༡ ཕྱི་ལོ་ ༢༠༡༤ ལོའི་ཤིང་རྟ་ལོའི་རང་ལུགས་གནམ་ལོའི་རང་ཞལ་གསར་དུ་ངོམ་པའི་རྟེན་འབྲེལ་དགའ་སྟོན་གྱི་སྐབས་འདིར་ཐོག་མར། མགོན་པོ་གང་ཉིད་ཀྱིས་དབུས་གཞིས་བྱེས་བོད་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་བཟང་པོས་སྔོན་བསུས་ཏེ་༸སྙན་སྒྲོན་ཞུ་རྒྱུར། མགོན་པོ་གང་ཉིད་ནི་བོད་གངས་ཅན་གྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་སྐུ་དངོས་ཡིན་པ་ལྟར། གངས་ལྗོངས་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པ་རྩ་མེད་དུ་འགྲོ་ཉེན་གྱི་སྐབས་སུ། ཐུགས་སྐྱེད་དང་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་བདག་གིར་བཞེས་ཏེ་འཕྲིན་ལས་ཀྱི་འཇུག་པ་དུས་ལས་ཅུང་ཟད་ཀྱང་ཡོལ་བ་མེད་པར་བོད་ཤར་ཕྱོགས་མདོ་སྨད་དུ་མཚན་དཔེའི་མཛེས་སྐུ་བཞད་དེ། རབ་བྱུང་སྡོམ་བཞེས་དང་གསེར་ཁྲིར་མངའ་གསོལ། བཅུ་ཕྲག་རིག་གནས་སྤྱི་དང་ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་སློབ་གཉེར་ཕུལ་དུ་ཕྱིན་པ་གནང་སྟེ་ལྷ་ལྡན་སྨོན་ལམ་ཆེན་མོར་མཁས་པ་སྟོང་ཕྲག་འཛོམས་པའི་མདུན་སར་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་གནང་མཛད།
ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གིས་བོད་མདོ་ཁམས་ཀྱི་ཡུལ་སྡེ་ཕལ་ཆེ་བ་དྲག་པོས་བཙན་བཟུང་ཐོག མུ་མཐུད་བོད་ཡུལ་ཡོངས་རྫོགས་བཙན་བཟུང་བྱ་ཉེན་ཆེ་བའི་དུས་སྐབས་སུ། བོད་ལྗོངས་ལྷ་མི་ཡོངས་ཀྱིས་གསོལ་འདེབས་ནན་ཞུས་ལྟར་མགོན་པོ་གང་ཉིད་དགུང་གྲངས་ ༡༦ ལས་མ་སོན་ཀྱང་ལུགས་གཉིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བཞེས་ཏེ། བོད་དོན་མཉམ་སྦྲེལ་རྒྱལ་ཚོགས་སུ་ཞུ་གཏུགས་དང་། རྒྱ་ནག་གཞུང་དང་གནས་ཚུལ་ཞི་འགྲིགས་ཡོང་ཐབས་སུ་ཞི་མོལ་སྐུ་ཚབ་མངགས་གཏོང་། ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་པེ་ཅིང་དུ་༸སྐུ་ངོ་མ་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་ནག་གཞུང་གི་འགོ་འཁྲིད་མའོ་ཙེ་ཏུང་སོགས་མཇལ་འཕྲད་ཀྱིས་བོད་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་ཞེས་པ་འཛུགས་མི་དགོས་པར། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཞེས་པ་བཙུགས་འཐུས་ཀྱི་བཀའ་མོལ་གནང་བ། བོད་ཀྱི་གང་ཅིའི་གནས་སྟངས་ཡར་རྒྱས་གཏོང་ཆེད་ལེགས་བཅོས་ལས་ཁུངས་ཆེད་འཛུགས་མཛད་པ། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་ཆིབས་སྒྱུར་གྱིས་རྒྱ་གར་གྱི་སྲིད་བློན་ནེ་ཧརུ་དང་རྒྱ་ནག་གི་སྲིད་བློན་ཀྲུའོ་ཨན་ལེ་ལྷན་དུ་བོད་ནང་རྒྱ་དམར་གྱི་བྱ་སྤྱོད་ངན་པ་རྣམས་མཚམས་འཇོག་ཡོང་ཐབས་ཀྱི་བཀའ་མོལ་གནང༌བ་སོགས་རྨད་བྱུང་ཐབས་མཁས་ཀྱི་མཛད་པ་བརྗོད་ལས་འདས་པ་བསྐྱངས་དང་སྐྱོང་ཐབས་མཛད་ཀྱང་། མགོན་པོ་གང་གི་རླབས་ཆེན་གྱི་དགོངས་གཞི་ཕལ་མོ་ཆེ་སྐབས་དེའི་རྒྱ་ནག་དང་བོད་ཀྱི་གནས་སྟངས་འོག་མངོན་འགྱུར་མ་བྱུང་བར་མ་ཟད། གནས་ཚུལ་ཇེ་སྡུག་ཏུ་སོང་སྟེ་མཐར་ཕྱི་ལོ་ ༡༩༥༩ ལོར་ཞི་བའི་བོད་འབངས་ཚོས་བོད་རང་དབང་སྒེར་ལངས་ཀྱི་རྔམ་སྟོན་གཞི་རྒྱ་ཆེན་པོ་མ་བྱེད་མཐུ་མེད་བྱུང་བ་དང་། དེར་རྒྱ་ནག་གཞུང་གིས་ཡ་ང་བྲལ་བའི་དྲག་གནོན་བྱས་པར་བརྟེན། བོད་ཀྱི་འཕྲལ་ཕུགས་བདེ་དོན་ལ་དགོངས་ནས་ལོ་དེའི་ཟླ་བ་ ༣ ཚེས་ ༡༧ དགོང་མོ་ལྷ་ས་ནས་ཐོག་མར་ལྷོ་ཁུལ་དང་དེ་ནས་རྒྱ་གར་དུ་བོད་གཞུང་དམངས་གང་ཙམ་དང་བཅས་པ་བཙན་བྱོལ་ལ་ཕེབས།
བོད་མི་བཙན་བྱོལ་དུ་སླེབས་ཉིད་གནས་ཚད་དང་ཉམས་མྱོང་གང་ཐད་ནས་མང་གཙོའི་ལམ་བཟང་དུ་འགྲོ་ཐབས་མ་མཆིས་ཀྱང་། སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོའི་ཐུགས་བརྩེ་དང་མཁྱེན་རབ་ཀྱིས་ཕུགས་རྒྱང་རིང་པོར་གཟིགས་ཏེ། མང་གཙོ་བཙན་ཐབས་ཀྱིས་གསོལ་སྩལ་གནང་ནས་ཐོག་མར་མང་ཚོགས་ཀྱི་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་། འབྱུུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱི་གཟུགས་བརྙན་གསལ་བར་མཚོན་པའི་མ་འོངས་བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས་བསྐྱངས་པ་སོགས་མི་ལོ་ ༣༠ ཙམ་གྱི་རིང་མང་གཙོའི་སྦྱོང་བརྡར་དང་གོ་རྟོགས། ཉམས་མྱོང་བཅས་རིམ་བཞིིན་སྤེལ་བའི་ཐབས་མཁས་ཀྱི་འཕྲིན་ལས་རྨད་དུ་བྱུུང་བ་བསྐྱངས་པའི་མཐར། ཕྱི་ལོ་ ༡༩༩༡ ལོར་སྐབས་ ༡༡ པའི་སྤྱི་འཐུས་ཀྱི་གྲུབ་ཆ་རྒྱ་བསྐྱེད་བཏང་པ་དང་ཆབས་ཅིག་ཏུ་ད་ལྟ་དངོས་སུ་ལག་ལེན་བསྟར་བཞིན་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ་ཁྲིམས་བཟོ་དང་འཛིན་སྐྱོང་། ཁྲིམས་ལུགས་དབང་འཛིན་བཅས་པའི་ཡན་ལག་ཡོངས་སུ་རྫོགས་ཤིང་། སྟངས་འཛིན་ལྗིད་མཉམ་གྱི་ཆ་རྐྱེན་མ་ཚང་བ་མེད་པ་དང་། མཐའ་མའི་ཐག་གཅོད་ཀྱི་དབང་ཚད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སམ་བོད་ཀྱི་མང་ཚོགས་ཀྱི་ཕྱག་ཏུ་ཡོད་པའི་ཚད་ལྡན་གྱི་ལམ་སྲོལ་གསར་གཏོད་མཛད་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཐད་ཀར་མང་ཚོགས་ཀྱིས་འོས་འདེམས་ཞུས་པར་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བཙན་ཐབས་སུ་དགྱེས་བཞིན་སྩལ་བ་ལྟར། ད་ལྟ་མགོན་པོ་གང་གི་ཐུགས་བཞེད་བཞིན་མང་གཙོའི་གོ་རྟོགས་དང་ལས་དོན་ཁག་ཚགས་ཚུད་ངང་ཡོད་པ་ནི་ངོ་མཚར་བསམ་བརྗོད་ལས་འདས་པའི་གནས་ལགས།
མ་འོངས་བོད་ཀྱི་སོན་རྩ་རྣམས་ཕྱི་ནང་གི་ཤེས་ཡོན་གཉིས་ལྡན་ཞིག་ཏུ་གསོ་སྐྱོང་གནང་ཆེད། ཕྱི་ལོ་ ༡༩༦༠ ལོར་མ་སུ་རིར་སློབ་གྲྭ་ཐོག་མ་དབུ་འབྱེད་མཛད་པ་ནས་རིམ་བཞིན་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་ཕྲུག་ཡོངས་ལ་ཤེས་ཡོན་སྤྲོད་ཐུབ་པའི་སློབ་གྲྭ་བརྒྱ་སྐོར་དང་། ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་རིས་མེད་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ལྟེ་གནས་ཆོས་སྡེ་སྣ་ཁག་དང་། སྨན་རྩིས། ཟློས་གར། ལག་ཤེས་སྒྱུ་རྩལ་སོགས་ཆེད་སྦྱོང་བྱ་ཡུལ་རིག་གཞུང་བསྟི་གནས་ཁང་མང་པོ་ཆེད་འཛུགས་མཛད། རབ་བྱུང་ཕོ་མོའི་ཆོས་སྡེ་ཁག་ཏུ་གཞུང་ཆེན་གྱི་བཤད་གྲྭ་སྔར་མེད་གསར་འཛུགས་དང་། སྔར་ཡོད་ཡར་རྒྱས་ཐོག ནང་པའི་ཆོས་དང་ཚན་རིག་པའི་དབར་གོ་རྟོགས་དང་ཉམས་མྱོང་སྤེལ་རེས་ཀྱི་ལས་གཞི་ཆེད་དུ་སྤེལ་བ་ལས། ད་ཆ་ནང་ཆོས་འདི་བཞིན་འཛམ་གླིང་གི་མཁས་རྒུའི་སྙིང་ནོར་ལྟ་བུར་གྱུར་ཡོད་ཐོག སྔོན་བྱོན་སྐྱེས་ཆེན་ཚད་ཐུབ་དུ་མའི་མཛད་ཕྱོགས་དང་མཐུན་པར། གང་ལ་བརྟེན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཞིང་བསྟན་སྲིད་མི་རིགས་དང་བཅས་པར་གནོད་གཞིར་གྱུར་པའི་དམ་སྲི་དོལ་རྒྱལ་གཏན་འགོག་གིས་རྒྱལ་བའི་བསྟན་ལ་དག་ཐེར་ཕུལ་དུ་ཕྱིན་པ་མཛད། དེ་བཞིན་ཕྱི་ལོ་ ༡༩༦༠ ལོར་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་གཞིས་གྲོང་གསར་འཛུགས་མཛད་པ་ནས་བཟུང་ད་ཆ་རྒྱ་བལ་འབྲུག་གསུམ་ཁུལ་དུ་སོ་ནམ་བཟོ་གཞིས་ཁག ༦༠ སྐོར་བར་འཕེལ་རྒྱས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་ཚུགས་ཡོད།
ཕྱི་ལོ་ ༡༩༦༧ ལོ་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་གྱིས་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་མང་པོར་ཞབས་ཀྱི་བཅགས་ཏེ་ཆོས་སྲིད་ཀྱི་མཛད་འཕྲིན་བསམ་བརྗོད་ལས་འདས་པ་བསྐྱངས་ཤིང༌། རྒྱལ་ཁབ་མང་པོའི་སྲིད་འཛིན་དང་སྲིད་བློན། ཆོས་ལུགས་ཁག་གི་དབུ་འཁྲིད་སོགས་གནད་ཡོད་མི་སྣ་མང་པོ་དང་མཇལ་འཕྲད་མཛད་དེ་བོད་ཀྱི་རྩ་དོན་དང་། འཛམ་གླིང་ཞི་བདེ། ཆོས་ལུགས་འཆམ་མཐུན་སོགས་ཀྱིས་མཚོན་བསྟན་འགྲོའི་བདེ་ཐབས་སུ་ཉིན་མཚན་ཀུན་ཏུ་འགྲུས་པར་མཛད། བོད་ཀྱི་བདེན་མཐའ་གསལ་ཐབས་སུ་མཉམ་སྦྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་སྐུལ་གནང་འབྲས་སུ་ཕྱི་ལོ་ ༡༩༥༩ དང་། ༡༩༦༡ ༡༩༦༥ བཅས་སོ་སོར་རྒྱལ་ཚོགས་ནང་བོད་དོན་གླེང་སློང་དང་གྲོས་ཆོད་འཇོག་ཐུབ་པ་བྱུང་ཐོག བོད་ཀྱི་གནད་དོན་འདི་ཉིད་རྒྱ་ནག་རང་དང་ཞི་མོལ་གྱིས་ཐག་གཅོད་གནང་རྒྱུའི་དགོངས་པ་བཞེས་ཏེ། བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་གསལ་འདོན་དང་སྦྲགས་བོད་དང་རྒྱ་ནག་ཏུ་འབྲེལ་མོལ་སྐུ་ཚབ་སྔ་རྗེས་སུ་གཏོང་གནང་མཛད་དེ། རྒྱ་ནག་གི་ཁྲིམས་གསལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་བྱུང་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་འདོད་ཡོད་པའི་སྐོར་ཞལ་ཞེ་གཉིས་མེད་ཀྱིས་གསལ་པོ་བཟོས་ཤིང་། དེ་ལ་གཞིས་བྱེས་བོད་མི་ཕལ་མོ་ཆེས་རྒྱུ་མཚན་ཤེས་པའི་སྒོ་ནས་གུས་བརྩི་ཞུས་དང་ཞུ་བཞིན་པ་མ་ཟད། ཕྱི་རྒྱལ་དང་རྒྱ་ནག་སྐམ་ས་ཆེན་མོར་གནས་སྡོད་རྒྱ་རིགས་ཤེས་ཡོན་ཅན་བརྒྱ་ཕྲག་མང་པོས་ཀྱང་མངོན་གསལ་དུ་རྒྱབ་སྐྱོར་ཞུ་བཞིན་ཡོད།
ལྷག་པར་མགོན་པོ་གང་གིས་དུས་ནམ་ཡང་འཚེ་མེད་ཞི་བ་ཁོ་ན་ལ་བརྟེན་ཏེ་བོད་དོན་འཐབ་རྩོད་གནང་བཞེད་ཀྱི་རྨད་བྱུང་མཛད་བཟང་ལ་འཛམ་གླིང་གི་སྐྱེ་རྒུ་རྣམས་ཡིད་འཕྲོགས་ཏེ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པས་མཚོན། འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ནས་ཆེ་བསྟོད་དང༌། གུས་བཀུར་གྱི་གཟེངས་རྟགས་སྙན་གྲགས་ཅན་གྲངས་མེད་འབུལ་བཞེས་བཀའ་དྲིན་བསྐྱངས་པ་ དང༌། དེ་བཞིན་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་ཏུ་བསྒྱུར་ཐབས་དང༌། འཛམ་གླིང་གི་ཆོས་ལུགས་རྣམས་ཕན་ཚུན་བརྩི་བཀུར་དང་མཉམ་གནས་ངང་མང་ཚོགས་ལ་ཕན་བདེ་སྒྲུབ་དགོས་པ། ཕྱི་དངོས་པོ་དང་ནང་སེམས་ཀྱི་ཡར་རྒྱས་གཉིས་མཉམ་སྦྲེལ་དགོས་པ་སོགས་ཀྱིས་མཚོན་འཛམ་གླིང་གི་མི་མང་སྤྱིའི་བདེ་རྩར་སྨན་པའི་ཟབ་གསལ་གསུང་གི་བདུད་རྩིའི་བཀའ་སློབ་དང༌། བཀའ་རྩོམ། གསུང་ཆོས་བགྲང་ལས་འདས་པ་སྩལ་དང་སྩོལ་མུས་འདི་ལྟར་ལགས་ཤིང༌། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་བ་ཁོ་ནར་མཚོན་ནའང་ད་བར་ཐེངས་ ༣༢ གནང་སྟེ་དད་ལྡན་གྱི་སྐྱེ་འགྲོ་ཁྲི་འབུམ་མང་པོའི་ཡིད་ལ་ཐར་པའི་ས་བོན་བསྐྲུན་པར་མཛད་པ་བཅས་མདོར་ན་མགོན་པོ་མཆོག་ནི་བོད་ཙམ་དུ་མ་ཟད་འཛམ་གླིང་གི་སྐྱེ་རྒུ་ཡོངས་ཀྱི་ཁོག་པའི་སྙིང་དང༌། མགོན་མེད་རྣམས་ཀྱི་མགོན། སྐྱབས་མེད་རྣམས་ཀྱི་སྐྱབས། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་དམ་པ་ལགས་ཤིང་།
ཡང་སྒོས་མགོན་པོ་གང་གིས་ད་ཕན་བདག་ཅག་གངས་ཅན་པ་རྣམས་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ་ཡང་དག་པའི་དབུ་ཁྲིད་དང་ལམ་སྟོན་མཛད་མེད་ན། བོད་མི་རིགས་རིག་གཞུང་དང་བཅས་པ་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་ངེས་པའི་གནས་སྟངས་ནི་བྱུང་རབས་ལ་ཕྱི་མིག་བལྟས་ན་ཤེས་ནུས་པས། བོད་འབངས་བསམ་ཤེས་ལྡན་པ་ཀུན་གྱིས་མགོན་པོ་གང་ལ་ཉིན་མཚན་ཀུན་ཏུ་ཚེ་རབས་རྗེས་འཛིན་ཡོང་བའི་གསོལ་འདེབས་དང་དད་གུས་བླ་ན་མེད་པ་ཞུ་བཞིན་པ་མ་ཟད། གཞིས་བཞུགས་བོད་མི་མང་པོས་རང་གི་གཅེས་པའི་སྲོག་ཚུན་བློས་བཏང་སྟེ་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བརྟན་ཅིང་གང་གི་འདུལ་ཞིང་གངས་ཅན་ལྗོངས་སུ་གདན་ཞུ་དགོས་པའི་གསོལ་འདེབས་ཞུ་བཞིན་པ་ལྟར། མགོན་པོ་གང་གིས་ཀྱང་བོད་འབངས་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་གཅིག་ཏུ་དགོངས་ཏེ་བོད་ཀྱི་བདེན་མཐའ་མ་གསལ་བར་སྐུ་ཚེ་མཐར་ཕྱིན་པར་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་སྩལ་སྨིན་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀའ་དྲིན་ཤིན་ཏུ་ནས་ཆེ་ཆེ་ཆེ་ཞེས་ཞུ་རྒྱུ་མ་ཟད། བདག་ཅག་འདིར་འཁོད་ཡོངས་ནས་བོད་འབངས་སྤྱིའི་ཚབ་ཞུས་ཏེ། བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པ་ཞུ་རྒྱུའི་དམ་བཅའ་བརྟན་པོ་འབུལ་བ་ལགས་ན། མགོན་པོ་མཆོག་༸སྐུ་ཚེ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པའི་ངོས་ནས་གསང་གསུམ་མཛད་འཕྲིན་མཁའ་ཁྱབ་སྐྱེ་རྒུ་སྤྱི་དང་། བྱེ་བྲག་གང་གི་འདུལ་ཞིང་བོད་གངས་ཅན་གྱི་ལྗོངས་སུ་མྱུར་དུ་སྐྱོང་བའི་གསོལ་འདེབས་ཞུ་བ་ལགས་ན། དེ་དེ་བཞིན་དུ་འགྲུབ་པའི་ཞལ་བཞེས་བཟང་པོ་ཅིས་ཀྱང་སྨིན་སྩོལ་ཡོང་བ་མཁྱཻན་ མཁྱཻན་ མཁྱཻན་ཞེས་གསོལ་བ་འདེབས་རྟེན་རབ་དཀར་ལྷ་རྫས་བཅས། ལོ་གསར་ཚེས་གཅིག་ཉིན་གུས་འབངས་མི་ནི་སོ་ཊར་གནས་འཁོད་བོད་མི་ཡོངས་ནས་སྒོ་གསུམ་གུས་པ་ཆེན་པོས་གུས་པ་ཆེན་པོས་ཕྱག་བཅས་ཕུལ་བའི་ཞུ་ཡིག ། །།