༢༠༡༤ ཟླ་ ༣ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༤༡ ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༠ ཉིན་འདས་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་ཁྲི་སྟོང་མང་པོས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རྒྱ་ནག་བཙན་འཛུལ་བར་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༥༥ འཁོར་བའི་དུས་དྲན་མཛད་སྒོ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་རང་རིགས་དང་འཛམ་གླིང་རྒྱལ་ཁབ་ཁག་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞུང་འབྲེལ་གྱི་མཛད་སྒོ་དངོས་གཞི་དབུ་འཛུགས་སྐབས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་ལས་ཁུངས་ཁག་གཅིག་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པས་གཙོས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། ཕྱི་རྒྱལ་ནས་ཕེབས་པའི་སྐུ་མགྲོན་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་ཚང་འཛོམས་ཐོག་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱི་ཚང་མས་སྐུ་བཞེངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས། རྡ་སྟེང་བོད་ཁྱིམ་སློབ་ཕྲུག་གིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་གྲུབ་མཚམས་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་རྗེས་དྲན་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས།
དེ་རྗེས་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་གིས་བདེན་ཚིག་སྨོན་ལམ་གསུང་བསྐུལ་དང་འབྲེལ་ཚང་མས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་མཉམ་དུ་འུར་འདོན་གནང་གྲུབ་མཚམས་དམིགས་བསལ་སྐུ་མགྲོན་ཡོ་རོབ་སྤྱི་མཐུན་ཚོགས་པའི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཧེན་རི་མི་ལོ་སི་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་གནང་། དེ་ནས་རྡ་སྟེང་བོད་ཁྱིམ་སློབ་ཕྲུག་ཁག་གཅིག་གིས་གསུམ་བཅུའི་དྲན་གླུ་ཕུལ་ཏེ་གཞུང་འབྲེལ་གྱི་མཛད་སྒོ་གྲོལ།
འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་ ༥༥ པ་འདི་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་ཙམ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོས་བོད་མིར་གདུང་སེམས་མཉམ་སྐྱེ་ཆེད་དུས་དྲན་སྲུང་བརྩི་ཞུས་ཡོད། ལྷག་པར་བོད་དོན་ལ་རྒྱབ་སྐྱོར་མཚོན་སླད་ཇར་མན་སོགས་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་མང་པོ་ཞིག་གི་ལས་ཁུངས་དང་གྲོང་སྡེ་ལྷན་ཁང་གི་སྟེང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག་པ་བཅས། །