༢༠༡༤་ཟླ་ ༣ ཚེས་ ༡ རེས་གཟའ་སྤེན་པ།
བོད་ཀྱི་སྲོལ་རྒྱུན་ལོ་གསར་དར་ཚུལ་སྐོར་རགས་ཙམ་གླེང་བ།
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ལགས་ཀྱིས་བརྩམས།
༄༅། །ལོ་གསར་ནི། ལོ་སྔ་མ་དེ་རྫོགས་ནས་ལོ་རྗེས་མའི་འགོ་ཚུགས་པ་ལ་ཟེར་ཞིང༌། བོད་མིའི་ངག་རྒྱུན་དུ་ཡོད་པའི་བླ་མ་ལོ་གསར་དང༌། རྒྱལ་པོ་ལོ་གསར། བསྟན་སྲུང་ལོ་གསར། བེའུ་ལོ་གསར། ཡུལ་པ་ལོ་གསར། སོ་ནམ་ལོ་གསར་རམ་ཞིང་པའི་ལོ་གསར་སོགས་ལོ་འགོ་འཛིན་ཚུལ་མི་འདྲ་བའི་དབང་གིས་ལོ་གསར་ཡང་ཡུལ་སྲོལ་མི་འདྲ་བ་སྣ་ཚོགས་བྱུང་ཡོད། བོད་ཀྱི་ཁྱད་ཆོས་ཚང་བའི་ལོ་གསར་གཏོང་བའི་ཐོག་མའི་ལམ་སྲོལ་དེ་ག་དུས་དར་སྲོལ་བྱུང་བའི་སྐོར། ཁོ་བོས་རང་རེའི་ལོ་རྒྱུས་དེབ་ཐེར་ཁག་གཅིག་དང༌། སྐར་ནག་རྩིས་རིག་ཐོག་ཏུ་ཡོད་པའི་འབྱུང་རབས་ཐོར་བུ། རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་རྒད་པོའི་ངག་རྒྱུན་དུ་གྲགས་པའི་སྒྲུང་གཏམ་བཅས་ལ་གཞི་བཅོལ་གྱིས་དེའི་སྐོར་རགས་པ་ཙམ་ཞིག་གླེང་བར་འདོད།
དེ་ཡང༌། གངས་རི་རྭ་བས་པསྐོར་བའི་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་གནས་མཆོག་འདིར། བདག་ཅག་གི་སྟོན་པ་བཀྲིན་ཅན་འདས་ལོའི་སྔོན་གྱི་ལོ་བརྒྱའི་ནང་བོད་རྗེ་གཉའ་ཁྲི་བཙན་པོའི་རྒྱལ་བརྒྱུད་པུ་དེ་གུང་རྒྱལ་གྱི་སྐབས་སུ་སྤང་ཐང་ཞིང་དུ་རྨོས། ཆུ་ལག་ཡུ་བོར་དྲངས། ས་བོན་ཕུར་འདེབས་བྱེད། སོལ་བ་ལ་བརྟེན་ནས་དངུལ་དང་ཟངས། ལྕགས་བཅས་བཞུ་བ་སོགས་ཞིང་ལས་དང་ལག་ཤེས་བཟོ་ལས་བཅས་ཡར་རྒྱས་ཆེན་པོ་བྱུང་བའི་སྐབས་དེར། ལྷོ་ཁ་ཡར་ཀླུང་ཁུལ་དུ་འཐག་མཁན་རྒད་མོ་བལ་མ་ཞིག་གིས་ཟླ་བའི་དཀར་ཆ་འཕེལ་འགྲིབ་ཀྱི་ཆ་ཤས་ལ་བལྟས་ནས་ལོ་ཟླ་ཞག་དུས་རགས་ཙམ་རྩིས་སྲོལ་ཡོད་པ་དེར་རྒད་མོ་བལ་མོའི་ཟླ་རྩིས་ཞེས་གྲགས། ཟླ་རྩིས་དེ་ལ་བརྟེན་ནས་ཟླ་བ་དང་ལོ་འཁོར་ཡང་རྩི་སྲོལ་བྱུང་འདུག་ཀྱང༌། འབྱུང་བའི་འགྱུར་འགྲོས་ལ་བརྟེན་ནས་དྲོད་རླུང་ལྡང་ཞིང་ཤིང་རྩི་ཁ་འབུས་ལོ་མ་རྒྱས་ཏེ་ལོ་ལྟར་ཁམ་བུའི་མེ་ཏོག་རབ་ཏུ་ཤར་སྐབས། ནམ་དུས་དཔྱིད་ཀ་འཆར་བའི་དགའ་སྤྲོ་བྱེད་པ་ལས་དམིགས་བསལ་ལོ་གསར་ཞེས་དགའ་སྟོན་བྱེད་སྲོལ་མེད་པར་སྣང༌།
གདོད་མའི་ལོ་གསར།
དེ་ནས་རིམ་བཞིན་བོད་དུ་བོན་གྱི་བསྟན་པ་དར་ཚུལ་སྐོར། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་གཞིར་བཟུང་ན་སྟོན་པ་འདས་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་གཅིག་ཡས་མས་སུ་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོས་སྲིད་དབང་བཟུང་བའི་སྐབས་རྒྱུ་བོན་ཤེས་པ་ཅན་བཅུ་གཉིས་དར་ཞེས་གསལ་བ་དང༌། དེའི་ནང་ནས་སྐོར་ཤེས་རྩིས་མཁན་ནི་སྐར་རྩིས་ཤེས་མཁན་ཞིག་ཡིན་པ་བོན་གྱི་ལོ་རྒྱུས་ནང་འཁོད་ཡོད་ལ། རྒྱལ་པོ་པུ་དེ་གུང་རྒྱལ་གྱི་དུས་སུ་རྒྱུ་བོན་རིགས་བཞི་ཞེས་པ་བྱུང་བའི་ནང་ནས་དུར་གཤེན་མཚོན་ཆ་གསོས་གཤིས་གཉིས་ཀྱི་རྩིས་བྱེད་མཁན་ཞིག་ཡིན་པར་<<རྒྱལ་རབས་གསལ་བའི་མེ་ལོང་>>དང༌། <<ཆོས་འབྱུང་མཁས་པའི་དགའ་སྟོན་>>སོགས་ལོ་རྒྱུས་དེབ་ཐེར་མང་པོའི་ནང་འཁོད་པ་ལྟར། བོན་གྱི་བླ་ཆེན་དྲན་པའི་ཞལ་ནས་ཀྱང༌། “སྤྱིར་ན་སྟོང་གསུམ་འདུལ་བྱེད་སྟོན་པ་ཆེའི། གང་འདུལ་མཛད་པའི་ཐབས་སུ་བཀའ་གསོལ་བཞི། བོན་ཆོས་རྩིས་དཔྱད་བཞི་རུ་བསྟན་པ་ཡང༌། དོན་དུ་ཐ་དད་མེད་དུ་ངོ་བ་གཅིག་”ཅེས་གསུངས་ཡོད། དེས་ན། བོན་ཆོས་དང་མཐུན་པའི་ཀོང་རྩེ་འཕྲུལ་རྒྱལ་ཞེས་པའི་རྩིས་དང་ཤེས་རིག་མཁས་པ་ཁག་གཅིག་གིས་་ཙི་ནའི་ཡུལ་ནས་སྟོད་ཞང་ཞུང་བརྒྱུད་དེ་བོད་ལ་ཕེབས། བོད་དུ་ཁོང་རྣམ་པའི་ལུགས་དང་མཐུན་པའི་<< འབྱུང་ལྡན་>> རྩིས་ལུགས་སམ་ལོ་འཁོར་རྩིས་ཚུལ་དང་དགུན་ཉི་ལྡོག་མཚམས་ལོ་འཁོར་བའི་གདོད་མའི་ལོ་གསར་གྱི་དགའ་སྟོན་གཏོང་བའི་ལམ་སྲོལ་ནི་བོན་གྱི་ལུགས་སྲོལ་ཡིན་པ་དཔེར་ན། ལུག་མགོ་ལ་གཡུང་དྲུང་དང་ཉི་ཟླའི་གཟུགས་དབྱིབས་རྒྱན་ཏེ་ཕ་མེས་ཀྱི་དུར་ལྷ་གསོལ་ནས། ཕ་མེས་ལ་དྲན་གསོ་ཞུ་བ། ས་དམར་དང་ས་དཀར་གྱི་གཡུང་དྲུང་བྲིས་པ། དེ་བཞིན་མི་ནོར་གཡང་ཆགས་པའི་ཆེད་དུ་མདའ་དར་དང་གྲོ་སོ་ཕྱེ་མར། ཆང་ཕུད། ལོ་ཕུད། གཡང་ཤ་ལག་པ་གཡས་པ། ཁ་ཟས་ཀྱི་སྡེར་ཁ་བཅས་ཡུལ་ཁུངས་ཐོན་ཁུངས་གང་ལེགས་བསྒྲིགས་ཏེ་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པའི་བསྔོ་སྨོན་བྱེད་པ་དང་སྦྲགས་བཀྲ་ཤིས་གཡང་ཆགས་ཀྱི་བྱེད་སྒོ་སྤེལ་བ། རིག་རྩལ་ཐོག་ཕོ་གཞོན་ཚོས་གཡག་ལུག་བསད་པའི་རྭ་ཅོའི་ཐོ་བཙུགས་པར་ཐག་རིང་ཙམ་ནས་ལག་རྡོ་འཕངས་ཏེ་སློག་ཐུབ་ན་དཔའ་སྐད་གྲགས་པ། དེ་བཞིན་མདའ་གྲི་གདུང་དང་འུར་རྡོ་འགྲན་པ། མོ་གཞོན་ཚོས་གཞས་སྒོར་གྱིས་གླུ་ལེན་པ་དང༌། ཞབས་བྲོ་རྒྱག་པ། ཐེ་ཕེག་རྩེ་བ། གབ་རེས་འུ་རེས་རྩེ་བ་སོགས་བྱེད་པ། དེ་བཞིན་བོན་ཆོས་དང་མཐུན་པའི་རི་རྩེར་རང་གཏན་སྲུངས་མའི་གཟུངས་དང་སྲོག་ཡིག་གི་གཤམ་དུ་ལས་བཅོལ་འཕྲིན་བསྐུལ་བཀོད་པའི་དར་མཚོན་སྣ་ལྔའམ་རང་མཐུན་མཚོན་མདོག་གི་དར་ལྕོག་འཛུགས་པ། རླུང་རྟ་ཡིན་ན། མཚོན་སྣ་ལྔའམ་སོ་སོའི་འབྱུང་ཁམས་མདོག་མཐུན་གྱི་དར་རས་ལ་རླུང་རྟའི་གཟུངས་སྔགས་དཔར་ཏེ་དར་ལྡིང་གཏོང་བ། ལྷ་གསོལ་བྱེད་པ་སོགས་ཀྱི་བྱེད་སྒོ་དུས་དེ་ཙམ་ནས་དར་སྲོལ་བྱུང་ཡོད་སྐད།
བེའུ་ལོ་གསར།
ཕྱི་ལོ་ ༥༥༨ གནམ་རི་སྲོང་བཙན་གྱི་དུས་ཙི་ན་ལ་བོད་མི་རིག་པ་རྣོ་བའི་སློབ་བུ་བཞི་སྐར་རྩིས་སློབ་གཉེར་བྱེད་དུ་བརྫངས་ཤིང༌། ཁོང་ཚོ་ཕྱིར་ལོག་ནས་ཤེས་བྱ་རྣམས་ངག་རྒྱུན་ནས་རྒྱུད་སྤེལ་བྱས་ཏེ་བོད་ཀྱི་གནམ་རིག་སྐར་རྩིས་རིག་པའི་འཕེལ་རྒྱས་ལ་ལག་རྗེས་གང་ལེགས་བཞག་ཡོད། ཕྱི་ལོ་ ༦༣༠ <<དཔའ་བོ་གཙུག་ལག་ཕྲེང་བ་>>ལྟར་ན་བོད་རྗེ་གནམ་རི་སྲོང་བཙན་གྱི་སྲས་སྲོང་བཙན་སྒམ་པོར་རྒྱལ་སྲིད་ཕུལ་བ་དང༌། ཕྱི་ལོ་ ༦༣༢ བལ་བཟའ་ཁྲི་བཙུན་བོད་དུ་བསུས་ཏེ་ཇོ་བོ་མི་བསྐྱོད་རྡོ་རྗེ་བོད་དུ་ཕེབས། ཕྱི་ལོ་ ༦༣༨ ལོར་”བོད་རྗེ་སྲོང་བཙན་སྒམ་པོས་རྒྱ་རྒྱ་ནག་གི་རྒྱལ་པོ་ཐང་ཐེ་ཙུང་གི་བོུ་རྗེའི་སྲས་མོ་སློང་བའི་ཕོ་ཉ་མངགས་ཀྱང་རྒྱ་རྗེས་བོུ་མ་བྱིན་པར་བོད་དུ་ལོག་ཏེ་བཙན་པོར་བརྫུན་ཞུས། རྒྱ་རྗེ་དེ་ངེད་རང་ལ་ཤིན་ཏུ་དགའ་ནས་བོུ་སྟེར་བ་ཡོད་པ་ལ་ཧོར་སེར་ཐུ་ལུ་ཧུན་གྱིས་རྒྱ་རྗེ་ལ་ཕྲ་མ་ཞུས་པས་ལན་ཚུལ་ཞུས་པས། བོད་ཀྱི་བཙན་པོ་ཁྲོས་ནས་བོད་དམག་ཁྲི་ཉི་ཤུ་ཁྲིད་དེ་ཟུང་ཅིའུ་སུང་ཀྲའུ་དེ་ནས་བློན་པོ་གཡའ་ཐུང་བྱ་བ་ལ་དམག་སྐུལ་ནས། ཐུ་ལུ་ཧུན་གྱི་ཡུལ་འཇོམས་སུ་བཏང་བ་ལ་ཐུ་ལུ་ཧུན་རྣམས་གཙང་ཁའི་མཚོ་སྔོན་ཕན་ལ་བྲོས། ཤུལ་དུ་ལུས་པའི་ནོར་ཐམས་ཅད་བོད་ཀྱིས་འཁྱེར། དེ་ནས་བོད་ཀྱི་བཙན་པོས་བློན་པོ་སེ་ལེ་སྟོང་བཙན་ལ་རིན་པོ་ཆེ་སྣ་ཚོགས་བསྐུར་ནས། རྒྱ་རྗེའི་སྲས་མོ་སློང་དུ་བཏང་བར་འུན་ཤིང་ཀོང་ཇོར་རྟེན་སྐལ་ཇོ་བོ་ཤཱཀྱ་མུ་ནེ་སོགས་རྫོངས་གྱ་ནོམ་པ་དང་བཅས་བོད་དུ་སླེབས།” རྒྱ་བཟའ་ཀོང་ཇོ་རྩིས་ལ་མཁས་པས་རྒྱའྀ་འབྱུང་རྩིས་སྤོར་ཐང་བརྒྱད་ཅུའི་སྐོར་མགོ་དང་རྒྱ་བཟའི་གུང་ཁུག་སོགས་བོད་ལ་མཚམས་སྦྱོར་གནང་བ་ནས་བཟུང༌། བོད་དུ་སྔ་འགྱུར་རྒྱུ་རྩིས་རྙིང་པའི་ལུགས་དང༌། ཡང་འགྱུར་གསལ་སྒྲོན་སྦས་བཅད་མེད་པའི་ལུགས་ཞེས་པའི་ནང༌། “དཔྱིད་ར་སྟག་ལ་ལོ་འགོ་འཛིན་ཞེས་པ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་ལོ་གསར་གཏོང་སྲོལ་ཆགས་པ་”ཞེས་པའི་བརྗོད་ཚུལ་བྱུང་འདུག དེ་དང་གོང་དུ་དགུན་ཉི་ལྡོག་མཚམས་དང་མཐུན་ཤས་ཆེ་བ་ཡོད་པ་དེ་ནི། སྐབས་དེར་བོད་ས་མང་ཆེ་བ་འབྲོག་ལས་དང་ཡུལ་པ་ཕལ་ཆེ་བ་ས་མ་འབྲོག་ཡིན་པས་ནམ་དུས་གྲང་ངར་ཆེ་བས་འབྲོག་པ་རྣམས་ས་དྲོ་སར་རུ་བ་རྩ་རྭ་སྤོས་ཏེ། སྤུ་ནག་འབྲྀ་དང་གཡང་དཀར་ལུག་གི་ལུག་ཕྲུག་དང་བེའུ་བཙའ་རྒྱུའི་གྲབ་གཤོམ་བྱེད་པའི་དུས་ཚོད་ཡིན་ཞིང༌། དེའི་རིང་འབྲོག་པ་ཁག་གཅིག་ཡུལ་པའི་ནང་ཞིང་འབྲོག་ཐོན་རྫས་ཤ་མར་ཚ་བུལ་ཏོག་དང་འབྲུ་རིགས་བརྗེ་བ་བརྗེ་ལེན་གྱི་ཚུར་འཁོར་ཏེ་ནང་མི་ཚང་འཛོམས་ཀྱིས་བེའུ་ལོ་གསར་ཞེས་ལོ་གསར་གཏོང་སྲོལ་ཡོད་པ་དུས་ད་ལྟ་ཡང་བོད་ཀྱི་འབྲོག་ཁུལ་མང་ཆེ་བའི་ནང་འགྱུར་མེད་གནས་ཡོད་པ་གོ་ཐོས་འདུག
སོ་ནམ་ལོ་གསར།
ཕྱི་ལོ་ ༧༥༥ དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས། རྒྱའི་གྱིམ་ཤིང་ཀོང་ཇོ་བོད་དུ་བག་མར་ཕེབས་སྐབས་སྐར་རྩིས་དང་དཔེ་དེབ་མང་པོ་ཞིག་བསྣམས་ཕེབས་པ་དེ་དག་བོད་ཡིག་ཏུ་བསྒྱུར། བོད་ལ་བར་བསྒྱུར་གསལ་སྒྲོན་སྦས་བཅད་ཅན་གྱི་ལུགས་ཟེར་བ་རྒྱ་ནག་གི་ཞིང་རྩིས་དང་མཐུན་པའི་ལོ་གསར་གཏོང་རྒྱུར་བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱིས་གྱིམ་ཤིང་ཀོང་ཇོར་ལོ་གསར་ག་དུས་གཏོང་རྒྱུའི་སྐོར་བཀའ་འདྲི་གནང་སྐབས། རྒྱ་རྗེ་ཀོང་ཇོས་ང་ལ་བཀའ་འདྲི་མ་གནང་སྐར་མ་རྒྱལ་ལ་བཀའ་གནང་རོགས་ཞུས་ནས་སྐར་མ་རྒྱལ་གྱི་ནམ་ཚོད་ཟིན་པའི་དུས་ནི། བོད་ཟླ་བཅུ་གཉིས་པའི་རྒྱ་རྩིས་ལོ་གསར་གྱི་ཉིན་གཅིག་གི་རྗེས་ནང་ཡིན་པར་བརྟེན། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་གསར་གཏོང་རྒྱུའི་ལམ་སྲོལ་ཆགས་པ་ཞེས་པའི་བརྗོད་ཚུལ་ཡང་བྱུང་འདུག
དེའི་སྐོར་དམངས་ཁྲོད་ནང་བཤད་སྲོལ་དེ་འདྲ་ཞིག་ཡོད་འདུག་པ་སྟེ། ཡུལ་པ་ལོ་གསར། སོ་ནམ་ལོ་གསར། ཞིང་པའི་ལོ་གསར། ཤར་ཕྱོགས་ལོ་གསར་ཞེས་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་རྒྱ་ཆེ་བའི་ཡུལ་ལུང་འདྲ་མིན་ནང་ཡུལ་སྐད་ཤས་ཆེ་བའི་དབང་གིས་འབོད་ཚུལ་ཅུང་མི་འདྲ་བ་ཙམ་ལས། དོན་དུ་རང་རེའི་སོ་ནམ་ཞིང་ཁུལ་གྱི་དུས་བརྟག་ལ་མྱོང་བ་ཆེ་བའི་རྒན་པོ་ཚོས་ཉིན་མཚན་གྱི་དུས་བཞིར་ཕྱེ་བ་རྒྱུ་སྐར་ཉེར་བརྒྱད་ལ་བརྟག་པའི་ཐོག་ནས་གནམ་ལ་སྐར་མ་གང་འཆར་བའི་དུས་སུ་ས་ཐོག་ལ་འགྱུར་བ་གང་ཡོང་དང༌། དེའི་དུས་སུ་ཞིང་འབྲོག་ཐོན་སྐྱེད་བཟང་ངན་གཏན་འཁེལ་བའི་སྐར་རྩིས་ཀྱི་རྩིས་འབྲས་ལྟར་སོ་ནམ་ཞིང་ལས་ཀྱི་ལས་འགོ་བཙུགས་པའི་བྱེད་སྒོ་ཞིག་རིམ་པས་ལོ་གསར་དགའ་སྟོན་ལ་གྱུར་བར་སེམས། རྒྱུ་མཚན་ནི། སྐབས་དེར་ཡུལ་དགོན་སོ་སོའི་བླ་གྲྭ་གང་ལྕོག་གདན་ཞུས་ཀྱིས་ཆོ་ག་གཞུང་ལྟར་ས་ཆོ་རྣམས་ལེགས་པར་གྲུབ་མཚམས། ཡུལ་མི་རྣམས་ནས་དཀར་སྤྲཽ་དང་གྲོ་སོ་ཕྱེ་མར། ཆང་ཕུད་འོ་ཕུད་སོགས་མཆོག་གསུམ་དང་ཡུལ་ལྷ་སོ་སོར་ཕུལ་ནས། ཡུལ་གྱི་གཙོ་རྒན་གྱིས་ལག་ཏུ་རིན་ཆེན་སྣ་ཚོགས་བསྒྲོན་པའི་དར་སྣ་ཐོགས་ཤིང་ངག་ནས། “ས་བདག་དབང་ཆེན་ཁྱབ་པ་དང༌། ས་ཡི་ལྷ་མོ་རྟེན་མས་གཙོས། ལྷ་ཀླུ་གཞི་བདག་རྣམས་ཀྱིས་བདག་ཅག་འཁོར་དང་བཅས་པ་ལ། ནད་ཡམས་མུ་གེ་མཚོན་འཁྲུག་དང༌། རྩྭ་སར་སེ་གསུམ་ཐོག་མདའ་དང༌། གོད་ཁ་ཆོ་འཕྲུལ་ལྟས་ངན་དང༌། མི་ནད་ཕྱུག་ནད་མ་གཏོང་ཞིག ཆར་ཆུ་དུས་སུ་འབབ་པ་དང༌། ལོ་ཕྱུགས་རྟག་ཏུ་ལེགས་པར་ཤོག བདག་སོགས་འདོད་པའི་བསམ་པ་འགྲུབ་པར་ཤོག ཀི། ཀི། བསོ། བསོ། ལྷ་རྒྱལ་ལོ་”ཞེས་བསང་གསོལ་ཀི་བསོ་ནམ་མཁར་བསྒྲགས་རྗེས། དབྱར་གྱི་སྔོ་ཁྲིམས་ཐོག་མ་འདམ་ཞིང༌། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་ཚེས་བཅུ་བར་ཡུལ་པ་ལོ་གསར་རམ་སོ་ནམ་ལོ་གསར་ཞེས་རང་སོ་སོའི་སྡོད་ཁང་གི་ཕྱི་ནང་གང་སར་གད་འཕྱིས་གཙང་བཟོས་ཀྱིས་སྒོ་རྭ་དང་ཐབ་ཚང་ནང་ས་དཀར་གྱིས་གཡུང་དྲུང་དང་བཀྲིས་རྟགས་བརྒྱད་སོགས་བྲིས་པ་དང༌། ཁང་པའི་ནང་མི་ཚང་སོ་སོའི་དོད་ཡོན་ཆེ་ཆུང་གི་དཀར་སྤྲོ་དང་ཤ་མར་ཐུད་སོགས་ཟས་རིགས་སྒྲིག་གཤོམ་བྱེད། རང་ལུགས་གཟབ་མཆོར་དང་རྒྱན་ཆ་སྤྲད་དེ། ཚེས་གཅིག་ལ་ཞིང་སར་ཡུལ་མི་འདུ་འཛོམས་ཀྱིས་མཆོག་གསུམ་གྱིས་མཚོན་བསང་མཆོད་དང་ཚེས་གསུམ་ལ་ཡུལ་ལྷ་གཞི་བདག་སོགས་ལྷ་སྲུང་གསོལ་ཆེད་རི་འགོར་བསང་གསོལ་དར་ལྡིང་བཙུགས་ཏེ་དགའ་སྟོན་གླུ་གར་འཁྲབ་པ་དང་ཟས་ཆང་ལ་རོལ། ཚེས་བཞི་ནས་བཅུ་བར་གྲོང་པ་ཁྱིམ་མཚེས་དང་དགའ་ཉེ་བློ་དཀར་ཕན་ཚུན་མགྲོན་འབོད་ཀྱིས་ཟ་དགའ་འཐུང་སྐྱིད་དང་དགའ་སྟོན་གླུ་གར་འཁྲབ། ཚེས་བཅུ་ནས་ཉེ་འཁོར་ཡུལ་དགོན་སོ་སོའི་ནང་སྨོན་ལམ་ཚུགས་པ་སོགས་བྱེད་སྲོལ་དུས་ད་ལྟ་ཡང་དབུས་གཙང་ཁུལ་ལྷ་སའི་ཉེ་འཁོར་རྫོང་གཞིས་ཁག་བོད་ཀྱི་ལོ་གསར་གཏོང་བ་ཕུད་ཙམ་མ་ཟད། མདོ་སྟོད་སྨད་གཉིས་ལའང་སྔར་སྲོལ་མི་ཉམས་རྒྱུན་འཛིན་ཡོད་པ་མ་ཟད། བོད་ནས་ཉེ་ཆར་ཕེབས་པ་ཚོར་དེའི་སྐོར་བཅར་དྲི་ཞུ་སྐབས་ཆོས་ལུགས་བྱེད་སྒོར་རྒྱ་གཞུང་ནས་བཀག་སྡོམ་བྱས་པ་ལས་དེ་མིན་སྔར་སོར་གནས་སྐོར་གླེང་གི་འདུག
མཚམས་འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ། “ཡོངས་སུ་གྲགས་པའི་ལོ་རྒྱུས་མང་པོ་ཞིག་གི་ནང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་གྱི་དུས་ཐང་རྒྱལ་རབས་དང་བོད་གཉིས་འབྲེལ་བ་ཐོག་མར་བྱུང་ཞིང༌། རྒྱའི་སྐར་རྩིས་དང་སྨན་ཐོག་མར་དར་ཞེས་བཤད་སྲོལ་ཡོད་ཅིང༌། དེ་ནི་རྒྱ་ནག་ནས་བོད་དུ་དར་བའི་འབྱུང་རྩིས་དང་གསོ་རིག་ཐོག་མར་དར་བའི་དུས་སྐབས་དེ་ནས་འགོ་ཚུགས་པ་ཡིན་ཞེས་བཤད་པ་ཙམ་ལས་དེའི་གོང་དུ་བོད་ལ་སྐར་རྩིས་དང་གསོ་རིག་མེད་པའི་དོན་མེད་ཅིང༌། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། ཁྲི་སྲོང་ལྡེ་བཙན་གྱིས་དུས་སུ་རྒྱ་བཟའ་ཀོང་ཇོ་དང་གྱིམ་ཤིང་ཀོང་ཇོ་གཉིས་ཀྱིས་རྒྱའི་རིག་གཞུང་གི་དཔེ་དེབ་མང་པོ་རྟེན་སྐལ་ཚུལ་དུ་བོད་ལ་འཁྱེར་ཡོད་པ་དང༌། དེའི་ནང་ནས་ཁག་གཅིག་བོད་སྐད་དུ་བསྒྱུར་བ། རྒྱ་ཡི་སློབ་དཔོན་ཧར་ནག་པོའི་སློབ་མ་ཁྱུང་ཤག་དར་སོགས་ཀྱིས་རྩིས་གཞུང་མང་པོ་བརྩམས་ཡོད་ཀྱང་འབྱུང་རྩིས་དང་ནག་རྩིས་རྨེ་བ་དགུ་དང༌། སྤར་ཁ་བརྒྱད། ལོ་སྐོར་བཅུ་གཉིས། ཀེག་རྩིས། བག་རྩིས། གཤིན་རྩིས་སོགས་ཀྱི་ཕྱོགས་ཡིན་པ་ལས་སྐར་རྩིས་ཀྱི་ཕྱོགས་འདྲ་བ་ཉུང་ཤས་ཤིག་ལས་མེད། དེར་བརྟེན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་འདི་གསར་གཏོད་བྱས་པ་ནས། རབ་བྱུང་དང་པོའི་མེ་ཡོས་མ་ཤར་བར་གྱི་ལོ་གྲངས་ ༣༩༠ ལྷག་ཙམ་གྱི་བར་དུ་ནི་བོད་རང་ཉིད་ཀྱི་གནའ་རབས་སྐར་རྩིས་ཉུང་ཤས་ཤིག་ལས་གལ་ཆེའི་གནམ་རིག་སྐར་རྩིས་ནི་དར་སྤེལ་བྱུང་མེད། རབ་བྱུང་དང་པོའི་མེ་ཡོས་༡༠༢༧ལོར་ཁ་ཆེ་ཟླ་བ་མགོན་པོས་དུས་འཁོར་གྱི་གཞུང་མང་པོ་བོད་དུ་གདན་དྲངས་ནས་བོད་དུ་བསྒྱུར་འགོ་ཚུགས་པ་དང༌། སྐབས་དེར་དུས་འཁོར་རྩ་བརྒྱུད་ཀྱི་ལེའུ་ལྔའི་ནང་ནས་དབང་མདོར་བསྟན་ཙམ་ལས་མ་བསྒྱུར་ཞིང༌། བསྡུས་རྒྱུད་ཡོངས་རྫོགས་དང་འགྲེལ་ཆེན་དྲ་མེད་འོད་བཅས་བོད་དུ་བསྒྱུར་ཀྱང་དུས་འཁོར་རྩ་བརྒྱུད་ཀྱི་གཞུང་འདི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཡང་དག་པ་ཡིན་མིན་ཐད་རྩོད་པ་ལངས་ཏེ་ལོ་སུམ་བརྒྱ་ཙམ་ཞིག་བར་དར་སྤེལ་མ་ཐུབ། དེ་ནས་རབ་བྱུང་ལྔ་པའི་ས་རྟ་༡༢༣༨ལོར་བུ་སྟོན་རིན་པོ་ཆེས་<<རྩིས་ཀྱི་བསྟན་བཅོས་མཁས་པའི་དགའ་བྱེད་>>བརྩམས་གནང་མཛད་པ་དེ་ནས་བཟུང་དུས་འཁོར་སངས་རྒྱས་ཀྱི་བཀའ་ཡང་དག་པ་ཡིན་མིན་གྱི་རྩོད་པ་དེ་འཇགས་ནས་རྒྱུད་དེ་དར་སྤེལ་བྱུང་བའི་འགོ་ཚུགས། རབ་བྱུང་བརྒྱད་པའི་མེ་ཡོས་༡༤༤༧ལོར་ཕུག་པ་ལྷུན་གྲུབ་རྒྱ་མཚོ་དང༌། མཁས་གྲུབ་ནོར་བཟང་རྒྱ་མཚོ་གཉིས་ཀྱིས་<<རྩིས་ཀྱི་བསྟན་བཅོས་པད་དཀར་ཞལ་ལུང་ >>དང་་<<དྲི་མེད་འོད་རྒྱན་>>སོགས་བརྩམས་ནས་ཕུག་ལུག་ཕྱི་མའི་བཞེད་སྲོལ་དར་རྒྱས་ཆེ་བ་བྱུང་བ་དང༌། རབ་བྱུང་བཅུ་པའི་མཇུག་དང་བཅུ་གཅིག་པའི་དཀྱིལ་བར་བོད་ཀྱི་སྐར་རྩིས་མཁས་པ་སྨོན་འགྲོ་པཎ་ཆེན་ཡབ་སྲས་ལྷུན་པོ་དོན་གྲུབ་དབང་རྒྱལ། འདར་ལོ་ཕུན་ཚོགས་ལྷུན་གྲུབ། ལུ་འགོ་བླ་མཁྱེན། རྣམ་གླིང་དཀོན་མཆོག་ཆོས་གྲགས། ཡབ་སྐུ་སྐུ་སྐྱེ་དབང་གྲགས་རྡོ་རྗེ། ཕུ་ལུང་དགེ་སློང་བློ་བཟང་ཡོན་ཏན། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་སོགས་བྱུང་ཞིང༌། ལྷག་པར་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནས་སྔོན་བྱོན་རྒྱ་བོད་ཀྱི་རྩིས་རིག་མཁས་པ་རྣམས་ཀྱི་གཞུང་མང་པོ་བརྟག་དཔྱད་ཞིབ་འཇུག་གནང་སྟེ། <<ཕུག་ལུང་རྩིས་ཀྱི་ལེགས་བཤད་བཻཌུརྱ་དཀར་པོ་>>མ་བུ་དང༌། དེའི་དོགས་སེལ་་<<གཡའ་སེལ་>> གཉིས་བརྩམས་པ་ནས་གཞུང་དེ་བོད་ལྗོངས་ས་ཁུལ་མང་ཆེ་བར་དར་ཁྱབ་ཆེ་བ་བྱུང༌། དེ་རྗེས་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་༡༧༡༤ལོར་སྨིན་གྲོལ་གླིང་ལོ་ཆེན་ངྷམ་ཤྲིས་<<རྩིས་ཀྱི་བསྟན་བཅོས་ཉིན་བྱེད་སྣང་བ>> མ་ཡིག་དུང་ཡིག་དང༌། དེའི་འགྲེལ་པ་གསེར་གྱི་ཤིང་རྟ་བཅས་བརྩམས་གནང་མཛད་དེ་སྨིན་གྲོལ་གླིང་དུ་སྐར་རྩིས་དང་སྒྲ་རིག་པ་སློབ་སྦྱོང་བྱེད་པའི་ཆེད་སློབ་གྲྭ་བཙུགས་པ་དེ་ནས་བཟུང༌། མདོ་སྟོད་སྨད་སོགས་སུ་མཁས་པ་མང་པོ་བྱུང་སྟེ་རྩིས་ཀྱི་བསྟན་བཅོས་བརྩམས་ཏེ་དར་ཁྱབ་ཆེན་པོ་བྱུང༌། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པའིསྐབས་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་༡༩༡༦ ལོར་སྨན་རྩིས་ཁང་བཙུགས་ཤིང༌། མཁས་དབང་མཁྱེན་རབ་ནོར་བུ་མཆོག་གཙོ་བོའི་སློབ་དཔོན་བསྐོས་གནང་སྟེ་བོད་ཀྱི་གསོ་རིག་དང་སྐར་རྩིས་ཀྱི་ཆེད་ལས་ཤེས་ཡོན་སློབ་འཁྲིད་གནང་ནས་ད་ལྟ་འཚོ་བཞུགས་ཀྱི་སྨན་རྩིས་སློབ་དཔོན་མཁས་པ་རྣམས་བྱུང་”སྟེ། ཁོང་རྣམས་ཀྱིས་གཞན་ལ་བརྟེན་མི་དགོས་རང་རེའི་སྨན་བཅོས་འཕྲོད་བསྟེན་དང༌། ཞིང་འབྲོག་ཐོན་སྐྱེད་ཀྱི་ཆེད་ལོ་ལྟར་དུས་ཚིགས་ཉེར་བཞི་ལ་སོགས་པའི་སྐར་རྩིས་ལོ་ཐོ་རྒྱས་འབྲིང་བསྡུས་གསུམ་བཏོན་གནང་ཡོད།
ཧོར་ཟླ་ཞེས་ལོ་ཟླ་བརྩི་སྲོལ་བྱུང་སྟངས།
ཕྱི་ལོ་ ༨༤༢ ཆུ་ཁྱི་བོད་ཀྱི་བཙན་པོ་ཁྲི་རབས་ཞེ་གསུམ་པ་སྟེ། གླང་དར་མ་འུར་དུམ་བཙན་གྱི་རྗེས། བོད་ཆེན་པོའི་གོང་བུ་གཅིག་གྱུར་གྱི་བཙན་པོའི་སྟོབས་ཤུགས་ཉམས་ཏེ། བོད་ཀྱི་རྒྱལ་ཕྲན་ཁག་རྣམས་རིམ་པས་སྟོད་སྨད་དང་ལྷོ་བྱང་སོགས་ཁ་འཐོར་ཡ་གྱལ་དུ་གནས་པའི་ལོ་བརྒྱ་ཕྲག་བཞི་ཙམ་རིང་རྒྱལ་ཕྲན་སོ་སོ་དང་དཔོན་ཚང་སོ་སོའི་འདོད་མོས་ལྟར་ལོ་གསར་གཏོང་སྲོལ་ཡང་མི་འདྲ་བ་བྱུང༌།
ཕྱི་ལོ་ ༡༢༡༦ ཧོར་ཇིང་གེར་རྒྱལ་པོ་རང་ལོ་ང་ལྔ་པ་རབ་བྱུང་བཞི་པའི་མེ་བྱི་ལཽར་<<ཧོར་ཆོས་འབྱུང་ >>ལས་རེ་དྲུག་པ་མེ་ཕག་ལོར་ཞེས་གསལ་སྟག་གི་ཟླ་བའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་བོད་མི་ཉག་ཡུལ་དུ་དམག་དྲངས་ནས་རབ་བྱུང་བཞི་པའི་མེ་ཕག་༡༢༢༧ལོར་མི་ཉག་རྒྱལ་ཐོག་དགུ་པ་རྡོ་རྗེ་དཔལ་ལམ་སོག་སྐད་དུ་ཐོ་ཅེལ་ཞི་དུར་གུ་ཏ་གན་ཟེར་བ་བསད་ནས་ཡུལ་སྡེ་ཐམས་ཅད་མངའ་འོག་ཏུ་བསྡུས། དེའི་དགའ་སྟོན་རྟེན་འབྲེལ་བྱས་པའི་ཟླ་བ་དེ་ལ་ཧོར་ཟླ་དང་པོ་ཟེར་བའི་སྲོལ་དེ་ནས་བྱུང༌།
ཕྱི་ལོ་ ༡༢༥༣ ཧོར་ཇིང་གེར་རྒྱལ་པོའི་སྲས་”ཧུ་པི་ལི་སེ་ཆེན་ཧན་གྱིས་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པ་མཆོད་གནས་སུ་གདན་དྲངས་པ་ལྟར་ཕེབས་ཏེ། ཧོར་རྒྱལ་པོས་ཞུས་པ་ལྟར་རྒྱལ་པོ་རང་ཉིད་ཀྱི་གཙོ་བྱས་པའི་མི་ཉི་ཤུ་རྩ་ལྔ་ལ་གསང་སྒས་ཀྱི་དབང་ཐེངས་དང་པོ་གནང༌། དེའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་གནང་བ་དང་ཏི་ཤྲིའི་གོ་གནས་དང༌། གཡང་ཌི་ལས་བྱས་པའི་ཐམ་ཀ མུ་ཏིག་གིས་རྒྱན་པའི་སྣམ་སྦྱར། སྐུ་ཆོས་སོགས་དངོས་འབུལ་མང་པོ་ཕུལ། སླར་ཡང་ཧོར་གོང་མས་གསང་སྔགས་ཀྱི་དབང་ཐེངས་གཉིས་པ་ཞུས་པའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ་གྱི་སྲིད་དབང་ཡོངས་རྫོགས་ཀྱང་ཕུལ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབང་གི་བདག་པོར་གྱུར། དབང་ཐེངས་གསུམ་པ་ཞུས་པའི་དབང་ཡོན་དུ། ཆོས་དུང་དཀར་པོ་རྒྱང་གྲགས་དང་རྒྱ་ཡི་མི་ཡུར་ཆེན་མོ་སོགས་ཕུལ།”ཞེས་གསལ་བ་བཞིན་བོད་དུ་ས་སྐྱས་དབང་བསྒྱུར་བྱེད་པ་ནས་ཧོར་ལུགས་ཀྱི་སྲོལ་ལྟར་ཟླ་བ་དང་པོ་ནས་བཅུ་གཉིས་བར་བོད་ཟླ་ཞེས་མི་བརྗོད་པར་ཧོར་ཟླ་ཞེས་ལོ་ཟླ་བརྩི་དགོས་པའི་མིང་གྱུར། ཧོར་ཟླ་དང་པོའི་ཚེས་གཅིག་ལ་ལོ་འཁོར་བ་དང་བོད་ལ་དུས་ཚོད་དེ་དང་མཚུངས་པར། རྒྱ་རྩིས་ཀྱི་ཟླ་བ་གསུམ་པའི་ནང་བོད་ཀྱི་རྒྱལ་པོ་ལོ་གསར་ཞེས་པ་གཏོང་བའི་ལམ་སྲོལ་བྱུང༌།
དགུ་གཏོར་འཆམ་དང་དགུ་ཐུག
ལམ་སྲོལ་དེ་ནི་དང་ཐོག་བོད་ཁྲི་སྐོར་བཅུ་གསུམ་དུ་གཏོགས་པའི་དབུས་གཙང་ཁུལ་གཙོ་བོར་གྱུར་བའི་ས་ཁུལ་དུ་བཏང་རྗེས། རིམ་པས་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་འབངས་སུ་གཏོགས་པའི་མདོ་སྨད་སྤྱི་ཁྱབ་ ཁོངས་སུ་གཏོགས་པའི་རྫོང་གཞིས་དང་དགོན་སྡེ་ཆེ་ཁག་ནང་ལམ་སྲོལ་དེ་དར་ཁྱབ་བྱུང་ཡོད། ལོ་གསར་གྱི་ལམ་སྲོལ་ནི། ལོ་གསར་ཚེས་གཅིག་ལ་བླ་མ་ལོ་གསར་དང༌། ཚེས་གཉིས་ལ་རྒྱལ་པོ་ལོ་གསར། ཚེས་གསུམ་ལ་ཚེས་གསུམ་ཟན་བསྒྲིལ་དང་བསྟན་སྲུང་ལོ་གསར་ཞེས་བརྗོད་སྲོལ་ཡོད་འདུག
དེ་ཡང༌། དམངས་ཁྲོད་དུ་བོད་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་བོད་ཚེས་ ༡༩ དང་འགའ་རེས་ཚེས་ ༢༩ནས་ཁྱིམ་ཚང་སོ་སོས་དུ་བ་འཕྱག་པ་དང་འབྲེལ་ཕྱི་ནང་གང་སར་གཙང་སྦྲ་ལེགས་པོ་བྱེད་པ། ཟླ་སྨད་ནས་ཁང་པའི་སྒོ་དང་སྒེའུ་ཁུང་བཅས་ལ་ཤམ་བུ་གསར་པ་བསྒར་བ་དང་ནག་རྩི་གཏོང་བ། ཚེས་ ༢༩ ཉིན་ལྷ་ས་ཁུལ་དུ་རྩེ་རྣམ་རྒྱལ་ཕན་བདེ་ལེགས་བཤད་གྲྭ་ཚང་དང་རྨེ་རུ་དགོན་གཉིས་ཁག་སོ་སོར་དགུ་གཏོར་འཆམ་རྒྱག་སྲོལ་ཡོད་པ་ཁོ་བོ་ལོ་ཆུང་སྐབས་དངོས་སུ་མཇལ་མྱོང་ཡོད། ལོ་ཟད་ཟླ་ཟད་ཀྱི་དགུ་གཏོར་ཞེས་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་གྱི་གཏོར་རྒྱག་ལ་ཟེར་བ་ཡིན། ཛྲདེ་ཉིན་རྩེ་ཕོ་བྲང་ཤར་བརྒྱུད་གཟིམ་ཆུང་དུ་ྋགོང་ས་མཆོག་༸ཞབས་འཁོད་ཀྱིས་དྲུང་བཞེས་ཚུགས། རྩེ་གཟིམ་འགག་ནས་སྨོན་ལམ་སྤྱི་ཁྱབ་སེར་སྐྱ་རྣམས་ལ་བྱེད་སྒོའི་བཀའ་བསྒྱུར་སྩལ། སྲིད་བློན་དང༌། བཀའ་ཤག་བཅས་སོ་སོའི་གཟིགས་ཞིབ་རབ་གསལ་དང༌། ཤོད་སྐོར་ཛ་ཐའི་སོགས་གཟིམ་ཆུང་བདེ་ཡངས་ཤར་གྱི་ལྷོ་ངོས་ཐོག་སྟེང་དུ་དབུ་གུར་ནང་དང༌། རྣམ་གྲའི་རོལ་ཆ་བ་རྣམས་བདེ་ཡངས་ཀྱི་བྱང་ངོས་དབུ་གུར་ནང་བཞུགས་ཏེ་ཕན་བདེ་ལེགས་བཤད་གླིང་ཚོགས་ཡོངས་ནས་དགུ་གཏོར་འཆམ་དང༌། ལྕགས་མཁར་བསྲེགས་བླུགས་མཛད། དགོང་དྲོ་དགེ་འདུན་ཚོགས་ཡོངས་ནས་ཞོལ་རྡོ་རིང་ཕྱི་མའི་གསུམ་མདོར་སོག་ཕུང་ཡོད་སར་ཟོར་འཕེན་གནང་སྐབས་ཟོར་སྣེ་གདན་ཞུར་ཤོད་དྲུང་ལྔ་མཆོད་ཀྱི་ཞབས་གསར་བ་གཉིས་ནས་སྤོས་ཁྲ་འཁྱེར་ཏེ་བཅར་དགོས་ཤིང༌། ཟོར་འཕེན་མཚམས་གཟིམ་སྦྱོང་པ་ནས་བོད་མདའི་དགུ་ཤོག་རྒྱག་སྲོལ་བཅས་ཡོད། གཞུང་དགོན་རྨེ་རུ་གྲྭ་ཚང་གི་སྒོ་་རྭའི་ཐང་ཆེན་དུ་དགུ་གཏོར་འཆམ་གོང་ལྟར་རྒྱག་སྲོལ་ཡོད་པ་དེར་ལྷ་སའི་མང་ཚོགས་ཐག་ཉེ་འབྲེལ་མཚམས་ཀྱི་མཇལ་བཅར་ཞུ་མཁན་མང་པོ་ཡོང༌། དེ་ཉིན་གྱི་ཕྱི་དྲོ་ཁྱིམ་ཚང་ཚང་མའི་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་ཞིང༌། དེ་ནི་ལོ་གསར་གྱི་འགོ་ཚུགས་ལྟ་བུ་ཡིན། ལོ་གསར་པའི་ནང་ཁྱིམ་ཚང་དུ་རྐྱེན་ངན་བར་ཆད་མི་འབྱུང་ཆེད་གཟན་ལ་མི་གཟུགས་ཀྱི་གླུད་བཟོས་ཏེ་རྫ་སྣོད་ཆག་དུམ་ནང་བཞག དེ་ལ་ཆང་བུ་དང༌། ཇ་རོ། སྦང་མ་སོགས་གླུད་རྫས། སོག་པའི་ཀུ་རུ་ཁ་རྒྱ་གྲམདགུ་བཅོས། ཐུག་པ་སྐོལ་སྐབས་གྲོ་ནས་སྲན་བཙོས་སོགས་བཟས་སྣ་དགུ་བཏབ་དགུ་རྫས་ཟེརགྲོ་ཞིབ་ལ་ཉི་ཟླ་དང༌། ཆོས་པོ་ཏི། ཟེ་མ་ར་མགོ་སོགས་ཀྱི་དབྱིབས་བཅོས་པ། ཟན་གྱི་ནང་སོལ་བ་དང༌། དཀར་ཡོལ། སི་ཕན་སོགས་བཏུམས་ནས་ཐུག་པ་འཐུང་སྐབས་དེ་དག་གང་ཞིག་འདོན་པ་དེར་བསྟོད་སྨད་བྱེད་པ་དེ་ནི་མི་དེའི་རྣམ་ཀུན་གྱི་སྤྱོད་པ་མཚོན་པ་རེད་ཟེར། ཐུག་ལྷག་རྣམས་རྫ་སྣོད་ཆག་དུམ་ནང་བླུགས་རྗེས། མུན་རུབ་སྐབས་ནང་མི་ཞིག་གིས་སོག་མ་ཆག་པ་རིང་པོ་ཞིག་ལ་མེ་སྤར་ཏེ་ མར་འདོན་ཤོག མར་འདོན་ཤོག་ཅེས་ཁང་པའི་ནང་སྐོར་བ་ཞིག་བརྒྱབ་ནས་རྫ་ཆག་ནང་བཞག་པའི་གླུད་དེ་འཁྱེར་ནས་ཤོར་སྦག་སྤར་བཞིན་ལམ་གསུམ་མདོར་བསྐྱལ་རྗེས་ཕྱིར་ལྟས་མ་སློག་པར་རང་ཁྱིམ་དུ་ལོག་དགོས། དེ་ནས་མུ་མཐུད་རང་སོ་སོའི་ཐུག་ལྷག་བཏུང་ནས། ཟེར་སྲོལ་ལ་དེ་ཉིན་དགོང་དྲོ་ཐུག་པ་རྒྱག་ཚད་འཐུང་ན་ཨ་ཁུ་གཤིན་རྗེས་རྒྱ་མ་བཀྱག་སྐབས་རྒྱ་མ་ལོན་ན་ཡག་པོ་ཡོང་ཚུལ་ཡང་བཤད་ཡོང༌། ཚེས་གསུམ་བཅུ་གནམ་གང་ཉིན་ལོ་གསར་གྱི་གྲ་སྒྲིག་བྱེད་སྒོ་ནི་གྲོ་སོ་ཕྱེ་མར་དང༌། ཁ་ཟས་སྡེར་ཁ། ལོ་ཕུད། ཆང་ཕུད། ལུག་མགོ་ཤིང་འབྲས། ཇ་མར་ཚ་བུལ་སོགས་ཡུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་སྒྲིག་གཤོམ་བྱེད་པ། སྒོ་འགྲམ་དུ་ས་དཀར་གྱི་གཡུང་དྲུང་བྲིས་པ་དང་འབྲེལ་དཀར་ཐིག་འཐེན་པ། ཚེས་གཅིག་ཉིན་གྱི་ཞོགས་པ་བྱ་སྐད་དང་པོ་དང་གཉིས་པའི་མཚམས་སུ་ནང་གི་ཨ་མ་དང༌། ཡང་ན་བོུ་མནའ་མ་སུ་རུང་ཞིག་རྒྱབ་ཏུ་ཆུ་ཟོམ་འཁྱེར་ནས་ལག་པར་ཆང་ཕུད་དང༌། ཁ་ཟས། ཁ་བཏགས་དཀར་གཙང་འཁྱེར་ཏེ་གསེར་ཆུ་དངུལ་ཆུ་ལེན་པར་བསྐྱོད་དེ་ཚུར་འཁོར་མཚམས་སུ། འབྲས་དཀར་གྱིས་མཆོག་གསུམ་མཚོན་པའི་ཡུལ་ལྷ་གཞི་བདག་དང༌། རི་ཆུ། ཕྱུགས་རིགས། ཁང་ཁྱིམ་རྭ་བ་སོགས་ལ། ལྷ་རྒྱལ་ལོ། ཞེས་བཀྲ་ཤིས་པའི་འབྲས་བཤད་སྐད་སངས་མཐོན་པོས་སྒྲོག་དུས་མི་རྣམས་ཡར་ལངས་ཏེ་ངོ་ལག་འཁྲུས་ཏེ་ཆང་སྐོལ་བཞེས། རི་རྩེར་ཉི་མ་ཤར་འཕྲལ་ནང་མི་ཚང་མ་གཟབ་མཆོར་རྒྱན་གོས་གྱོན་ནས་ལོ་རྒན་གཞོན་གྱི་གོ་རིམ་བྱས་ཏེ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་བྲོ་ཀུན་ཁམས་བཟང༌། གཏན་དུ་བདེ་བ་འཐོབ་པར་ཤོག དུས་བཟང་ད་ཚོད་ཀྱང་ནང་མི་ལྷན་རྒྱས་ཁྲ་རུབ་རུབ་འཛོམས་པར་ཤོག་ཅེས་ལོ་གསར་ཤིས་ཚིགས་དང་བཅས་བང་རིམ་བཞིན་གྲོ་སོ་ཕྱེ་མར་དང་ཆང་ཕུད་ཕུད་གཏོར་ཞུས། དེ་རྗེས་ཤ་དང་གྲོ་མ་བཅས་བླུགས་པའི་གྲོ་ཐུག་མཆོད་ནས་བཞུགས་གྲལ་གྲོལ་བ་དང༌། ནང་གི་ཕ་དང་བུ་དང་བོུ་བཅས་ཉེ་འཁོར་གཙུག་ལག་ཁང་དང་ཡང་ན་ཡུལ་དགོན་སོ་སོར་བསྐྱོད་དེ་དཀར་གྲོ་དང་ཆང་ཕུད་འཁྱེར་ནས་མཆོད་མཇལ་དུ་ཕཻབས། སྔ་དྲོའི་ཚ་རྟིང་དེང་སང་གི་སྔ་དྲོའི་ཚོུད་༡༠།༣༠ཙམ་ལ་མི་རྣམས་འཆམ་མཐུན་དང་བདེ་ཐང་ཡོང་ཆེད། གྲོང་པ་ཁྱིམ་མཚེས་ཕན་ཚུན་ཕྱེ་མར་རྒྱུགས་རེས་བྱས་ཏེ་དགའ་སྤྲོའི་གླུ་གཞས་ལེན་པ་སོགས་ཕྱེ་མར་རྒྱུགས་མཁན་ཕོ་གཞོན་རྣམས་ཀྱིས་མི་ཚང་མང་པོའི་ཆང་འདྲ་མིན་འཐུང་དྲགས་པའི་རྐྱེན་གྱིས་ཉིན་དགུང་མ་ཟིན་གོང་ནས་ར་གཟི་ནས་ཕར་འཁྱོར་ཚུར་འཁྱོར་བྱས་སླེབས་ཡོང༌།
བླ་མ་ལོ་གསར།
བོད་ཟླ་དང་པོའི་ཚེས་གཅིག་གཞུང་འབྲེལ་དགུང་གསར་དགྱེས་སྟོན་ཉིན་དང་པོར། སྔ་དྲོའི་ཚོུད་ ༢ པའི་ཐོག་རྩེ་ཕོ་བྲང་དབུ་རྩེ་ནས་གར་རོལ་པས་བཞེངས་བརྡ་ཕུལ་བསྟུན། བོད་ལྗོངས་ཆོས་སྲིད་ཟུང་གི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་བཞེངས་ཀྱིས་རྒྱུན་གྱི་ཐུགས་དམ་ཉམས་བཞེས་གྲུབ་པ་དང༌། རྩེ་གསོལ་ཐབ་ནས་བཀྲ་ཤིས་བདེ་ལེགས་ཀྱི་གྲོ་སོ་ཕྱེ་མར་དང་གསོལ་ཇ། བཞེས་འབྲས། གྲོ་ཐུག དེ་བཞིན་བར་ཐབ་ནས་ཀྱང་གོང་ལྟར་ཆང་ཕུད་བཞེས་ལྷན་རིམ་ཕེབས་དང་བསྟུན་ནང་མ་སྒང་གི་མཛད་སྒོ་གྲུབ་འཕྲལ། མཚན་གཟིམ་ཁང་དང་གཟིམ་ཆུང་ཉི་འོད་ཤར་ཁག་སོ་སོར་སྐུའི་ཡོངས་འཛིན་རྣམ་གཉིས་དང༌། མཚན་ཞབས། སྲིད་བློན་དང་བཀའ་ཤག་གི་མཚོན་པའི་ནང་མ་མཁན་སྡེ་ཆེ་ཆུང་ཡན་དང་རྣམ་གྲྭ་གསུང་ཞབས་བཅས་ནས་བཀྲ་ཤིས་བདེ་ལེགས་ཀྱི་མཇལ་དར་ཕུལ་ཏེ་ཕྱག་དབང་སྩལ། གྲལ་འཁོད་ཀྱི་གོང་ལྟར་གསོལ་ཇ་སོགས་རིམ་ཕེབས་ཞལ་འདོན་གྲུབ་པ་དང༌། ཕྱག་དབང་སྩལ། དེ་ནས་ཕོ་བྲང་དབུ་རྩེར་ཕེབས་སྐབས་བཀའ་བློན་ཁྲི་པ་དང་སྐུ་བཅར་སྤྱི་མཁན་ནས་ཕྱག་འདྲེན་ཞུས། བཀྲ་ཤིས་རྟགས་བརྒྱད་རི་མོས་ཕྱུག་པའི་ཕེབས་རས་བཏིང་སྟེ་གར་པས་ཕེབས་བརྡ་བསུ་སྣ་དང་སྤྱན་རྒྱ་སྤོས་འཛིན་སོགས་ཀྱི་སྔུན་བསུས་ཏེ་གདན་ཞུས་ཀྱི་བཞུགས་ཁྲིར་ཞབས་སོར་འཁོད། བཀའ་བློན་ཁྲི་པས་གཞུང་གནས་ཀྱི་རྟེན་གསུམ་མཇལ་དར་འདེགས་འབུལ་དང་འབྲེལ་སྲིད་བློན་དང་བཀའ་བློན་རྣམ་པས་མཚོན་ཡོངས་འཛིན་རྣམ་གཉིས་ཀྱིས་དབུས་རྩེ་ཤོད་ལས་ཚན་ཡན་ནས་གོ་བབས་ཀྱི་མཇལ་དར་དཀར་གཙང་རེ་ཕུལ། ཕྱག་དབང་ཞུས་ཏེ་གྲལ་ལ་འཁོད། ཞལ་འདོན་དབུ་ཚུགས། རྣམ་གྲྭ་དབུ་མཛད་ཀྱི་བརྡ་དང་བསྟུན་གསོལ་ཇ་སོགས་རིམ་བཞིན་ཕེབས། འདོད་ཁམས་བདག་མོ་དཔལ་ལྡན་དམག་ཟོར་མའི་གཏང་རག ཚེས་གཏོར་གྱི་གཏོར་འབུལ་སོགས་ལེགས་པར་གྲུབ་རྗེས། རྩེ་མཁན་མགྲོན་ཆེ་བས་ྋགོང་ས་ཆེན་པོར་གུས་བཏུད་ཟན་ཕྱེད་ཕབ་སྟེ་དཀར་སྤྲོ་བཀྱེ་མཆོག་ཞུས། ཀ་ཁྲི་སྒྲོགས་ཏེ་ཚེ་གཏོར་གྱི་མཛད་སྒོའི་རིམ་པ་གྲུབ།
ྋགོང་ས་ཆེན་པོ་མཆོག་སྔར་བཞིན་གཟིམ་ཆུང་ནས་སྤྱན་སྤོས་སོགས་གོང་ལྟར་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་གདན་ཞུས་ཀྱི་གསེར་ཁྲི་ཆེན་མོར་ཞབས་སོར་འཁོད། སེ་འབྲས་དགའ་གསུམ་གྱི་རྒྱལ་སྤྲུལ་ཧོ་ཐོག་ཐུ་ཁག་དང༌། སློབ་དཔོན། བླ་སྤྲུལ་ལས་སྣེབཅས་ནས་ཕྱག་འཚལ་དང་འབྲེལ་མཁན་པོ་བགྲེས་པ་ནས་བླ་སྤྱིའི་རྟེན་གསུམ་འདེགས་འབུལ་གྱིས་མཇལ་ཁ་དང་ཕྱག་དབང་སྩལ། ྋགོང་ས་ཆེན་པོའི་སྐུ་མདུན་རྩེ་མགྲོན་ཆེན་མོས་ཟན་ཕྱེད་ཕབ་པའི་གུས་བཏུད་ཞུས་ཏེ་མགྲོན་བརྒྱུད་ཀྱིས་ྋགོང་ས་ཆེན་པོ་མཆོག་ནས་ཁམས་བཟང་བྱུང་ངམ་ཞེས་བཀའི་འཚམས་འདྲི་བསྐྱངས། སྨོན་ལམ་དགེ་བཤེས་མཚན་རྟགས་འཇོག་མིའི་ཁོངས་ནས་བགྲོ་གླེང་པ་ལྷ་རམས་པ་ཆ་གཉིས་རེ་ཚོགས་ལངས་རྩོད་པ་ཚུགས། གྲལ་འཕྲོས་པ་ཞེས་རྩེ་སྐོར་དཀྱུས་མ་གཉིས་དེ་ཉིན་ལས་ཚན་པའི་གདན་ཐོབ་སྟག་གདན་རེ་ཟུར་དུ་བཏིང་ཡོད་པའི་ཐོག་བཀྲ་ཤིས་པའི་ཚིགས་བཅད་དབྱངས་སུ་སྒྲོན་བཞིན་འཁོད། གར་པས་གར་འཁྲབ། བཞེས་འབྲས་ཕེབས། ཞབས་པད་བཀའ་བློན་གཉིས་སྐུ་བཞེངས་ཀྱིས་དཀར་སྤྲོའི་གཡས་གཡོན་དུ་ཕེབས་ཏེ་གཟིགས་ཞིབ་དང་འབྲེལ་རྩེ་ཤོད་ཕྱག་མཛོད་དང༌། ལྷ་ཞོལ་གཉེར་ཚང༌། རྩམ་ལན་དོ་དམ་སོགས་ནས་དཀར་སྤྲོ་ཐོག་ས་གཅིག་ཙམ་བསྒྲིགས་འབུལ་ཐོག་མགྲོན་ཆེ་གུས་བཏུད་ཀྱིས་དཀར་སྤྲོ་བཀྱེ་མཆོག་ཞུས་ཕྲལ། ྋགོང་ས་ཆེན་པོ་གསོལ་དཔོན་སྐུ་བགྲེས་ནས་དཀར་སྤྲོའི་ཕུད་གསོལ་བསྐངས་ཕུལ་རྗེས་མཛད་ཞབས་རྣམས་ལ་རྩེ་མགྲོན་ནས་གསོལ་བསྐངས་ཤིང་འབྲས་འགྲེམས་སྤེལ་ཞུས། མི་མང་ནས་དཀར་སྤྲོར་སྡེབ་མཆོངས་རྒྱག བགྲོ་གླེང་པས་བཀྲ་ཤིས་ཚིགས་བཀྲ་བཅད་དེ་མཇལ་ཁ་ཞུས་ཕྱག་སྲུང་དང་འཕྲལ་སྡེ་ལས་ཁུངས་ནས་ལེགས་དར་སྩལ། ཀ་ཁྲི་སྒྲོགས། ྋགོང་ས་ཆེན་པོ་མཆོག་སྤྱན་སྤོས་སོགས་གོང་ལྟར་གཟིམ་ཆུང་དུ་གདན་ཞུས་ཀྱིས་ཉིན་དང་པོའི་མཛད་སྒོ་གྲོལ། གོང་གསལ་ཉིན་དང་པོར་བོད་ཀྱི་བླ་ཆེན་རྣམས་དང་གདན་ས་གསུམ་དང༌། རྒྱུད་གྲྭ་སྟོད་སྨད། ཚེ་སྨོན་གླིང༌། རྨེ་བཞི་ལྕགས་གསུམ་སོགས་ནས་ྋགོང་ས་མཆོག་ལ་ལོ་གསར་རྟེན་འབྱུང་གི་ཚེ་སྒྲུབ་རིལ་བུ་ཕུལ་ཞིང༌། བཀྲ་ཤིས་བདེ་ལེགས་ཞུ་བར་བཅར་པའི་དབང་གིས་བླ་མ་ལོ་གསར་ཞེས་འབོད་སྲོལ་བྱུང་བ་རེད།
རྒྱལ་པོ་ལོ་གསར།
བོད་ཟླ་དང་པོའི་ཚེས་གཉིས་ཉིན་ཏེ་དགུང་གསར་ཉིན་གཉིས་པར་སྤྱིར་བཏང་རྒྱལ་པོ་ལོ་གསར་ཞེས་འབོད་ཅིང་དེ་ནི་ྋགོང་ས་ཆེན་པ་མཆོག་གིས་བོད་ཀྱི་ཆོས་སྲིད་བདག་དབང་ཟུང་འབྲེལ་དུ་བཞེས་པའི་ཁོངས་ནས་སྔར་གྱི་ལུགས་སྲོལ་དང་མཐུན་པའི་ལོ་གསར་གྱི་མཛད་སྒོ་ཡིན་པའི་དབང་གིས་དེ་ལྟར་བརྗོད་སྲོལ་བྱུང༌། འདི་ཉིན་སྔ་དྲོའི་ཚོུད་ ༩ ཙམ་ལ་གར་རོལ་བའི་ཕེབས་བརྡ་དང་བསྟུན་ཕེབས་རས། སྤྱན་རྒྱ་སོགས་སྔ་ཉིན་ལྟར་ཐོག་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་སྡེ་སྲིད་ཕག་མོ་གྲུ་པ་དང་རིན་སྤུངས་ཀྱི་སྲོལ་ལྟར་ྋགོང་ས་ཆེན་པོའི་སྐུ་བཅར་སྤྱི་ཁྱབ་མཁན་པོ་དང་རིན་རྒྱན་ཁྲི་པ་གཉིས་ཀྱི་ཕྱག་འདྲེན་ཞུས་ཏེ། མགྲོན་གཉེར། གསོལ་དཔོན། སྤོས་འཛིན་གཉིས། ཕྱག་འཐེན་གཅིག བྱིངས་བཅུ་ཕྲག་བཅས་ཀྱིས་སྔུན་བསུས་ཏེ་བཞུགས་ཁྲིར་ཞབས་སོར་འཁོད། རྣམ་གྲྭ་རྡོ་དབུ་དང་གསུང་ཞབས་པ་རྣམས་ཀྱིས་མཆོད་རོལ་དང་བཅས་གསུང་རོགས་ཞུས་ཏེ་ཡོངས་འཛིན་བགྲེས་པ་གླིང་རིན་པོ་ཆེ་སོགས་ཀྱིས་རྟེན་འབྱུང་གི་སརྒ་གཏོད་ཕྱིར་རྒྱལ་སྲིད་སྣ་བདུན་དང༌། བཀྲིས་རྟགས་བརྒྱད། རྫས་བརྒྱད་བཅས་ལ་རེ་རེ་བཞིན་མཐུན་འགྱུར་ཞལ་འདོན་ཚིགས་མཚམས་དང་བསྟུན་རིན་རྒྱན་ཁྲི་པ་བརྒྱུད་ྋགོང་ས་མཆོག་ལ་རིམ་པས་འདེགས་འབུལ་རྗེས། སེ་འབྲས་སློབ་དཔོན་ཕྱག་དཔེ་ལེགས་འབྲས་གཉིས་ནས་བགྲོ་གླེང་ཚུགས། བཀའ་བློན་ཁྲི་པས་སྐུ་ཕྱག་དང་འབྲེལ་གཞུང་གནས་ཀྱི་རྟེན་གསུམ་འདེགས་འབུལ་ཞུས་མཚམས། དེ་ཉིན་མཛད་སྒོར་ཕེབས་མཁན་སྲིད་སྐྱོང་གིས་དབུས་གུང་བཀའ་བློན་དང༌། ཡབ་གཞིས་སྐུ་འཁོར། དྲུང་རིགས་སེར་སྐྱ། རྩེ་རིག་གནས་སློབ་དགེ། གདན་ས་ཁག་གི་བླ་མ་ལས་སྣེ། དྲུང་གཏོགས། རྩེ་ཤོད་ཕྱག་ནང༌། དབུས་གཙང་གི་ཚོ་ཆེན་ཞེས་ས་བཀྲས་དང༌། གཟིམ་པ། ལྷ་ས་ཚོ་པ། འབྲས་བུ་གླིང་སོགས་དང༌། ལྷ་སྡོད་ཕྱི་རྒྱལ་སྐུ་ཚབ་ཁག་དང༌། ཁ་ཆེ། བལ་པོ། ལ་དྭགས། འབྲུག་པ་ལོ་ཕྱག་བཅས་མི་སྣ་ཡོད་པ་སོ་སོའི་གོ་བབས་བཞིན་མཇལ་ཁ་གནང་བ་དང་སྦྲགས་མགྲོན་གཉེར་ཆེན་མོ་བརྒྱུད་ཚང་མར་སྐུ་ཁམས་བདེ་པོ་ཡིན་ནམ་ཞེས་འཚམས་འདྲི་གནང་བར་ཚང་མས་བརྡ་ལན་ཞུ་བའི་མཚོན་བྱེད་དུ་ཡར་ལངས་ནས་གུས་འདུད་ཞུས། མཇལ་ཐེངས་གཉིས་པར་ཀུན་གཟིགས་པཎན་ཆེན་རིན་པོ་ཆེ་དང༌། ས་སྐྱ་ཁྲི་ཆེན་སོ་སོ་ནས་ལོ་གསར་རྟེན་འབུལ་སྐུ་ཚབ་མགྲོན་གཉེར་གདོང་ཞུ་བྱ་དང༌། འབུལ་དངོས་བཅས་ཕུལ་བ་སྡེ་དྲུང་ནས་བླངས། དེ་བཞིན་འབྲི་གུང༌། མཚུར་ཕུ། སྟག་ལུང་གསུམ་ནས་རྟེན་འབུལ་སྤྱན་ལམ་བསྟར། སྒེར་སོ་སོ་ནས་མཇལ་དར་རེ་ཕུལ་བ་རང་སློག་ཐོག་ཕྱག་དབང་སྩལ། སྲུང་མདུད་དང་རྩེ་ཕྱག་ནས་གནང་ཆ་སྩལ་བར་ཐུགས་རྗེ་ཆེ་ཞུའི་ཕྱག་འཚལ་ཞུས། འབྲས་བུ་གླིང་པ་ནས་མཆོད་གར་འཁྲབ། འཁྲབ་སྟོན་ཟིན་པ་དང་གར་པས་གྲི་གར་དང་འཆར་ཅན་གར་ཕྲུག་བཅུ་དྲུག་ཙམ་གྱིས་གར་ཐེངས་གཉིས་པ་འཁྲབ། དེ་ཉིན་གྱི་སྟོན་ཆེན་ཚེས་གཅིག་ལས་རྒྱས་ཤིང༌། མཇུག་ཏུ་རྩེ་ཤོས་ཀྱི་ཞབས་སྡོད་ལས་བྱེད་གསར་པ་གསར་མཇལ་ཞུ་བ་དང༌། རྩེའི་མཛད་སྒོ་གྲུབ་མཚམས་ལྷ་ཞོལ་རྡོ་རིང་ནང་མར་གནམ་བྲོ་ཐག་རྩེད་དང་དེ་སྔ་བྱང་བཀལ་ཐག་ཤུར་གཏོང་བའི་སྲོལ་ཡོད།
ཚེས་གསུམ་ཟན་བསྒྲིལ།
བོད་ཟླ་དང་པོའི་ཚེས་ ༡ ཉིན་གཞུང་འབྲེལ་རྩེ་ཕོ་བྲང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ཡོངས་འཛིན་རྣམ་གཉིས་སོགས་དབུ་བཞུགས་ཀྱིས་རྣམ་གྲྭ་ཚོགས་ཡོངས་ནས་འདོད་ཁམས་བདག་མོ་གཙོ་གྱུར་གྱི་སྲུང་སྤྱིའི་གཟབ་གསོལ་རྒྱས་པ་བསྐྱངས། དེ་ནས་གཟིམ་ཆུང་ལྷ་མོའི་སྤྱན་སྔར་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང༌། རྒྱལ་བསྟན་ཆབ་སྲིད་སླད། སྐྱེ་འགྲོའི་བདེ་སྐྱིད་བཅས་ཀྱི་སྐོར་ལ་ཟན་བརྟག་བསྒྲིལ་འབུལ་བསྐྱངས་པས་འདི་ལ་ཚེས་གསུམ་ཟན་བསྒྲིལ་ཞེས་གྲགས། དེ་ཉིན་ལྷ་ཞོལ་བར་སྐོར་བྱང་ཤར་དུ་དགའ་ལྡན་དར་ཆེན་སྐུ་བཞེངས་གྲུབ་འཕྲལ་ལྷ་སའི་མི་དཔོན་གཉིས་ནས་འགག་ཏུ་སྙན་སེང་མཇལ་བཅར་དང་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་ངོ་ལས་འབྱོར་མཇལ་ཞུས་འབྲེལ་ལྷ་ལྡན་སྨོན་ལམ་ཆེན་མོའི་རིང་བླང་དོར་བྱེད་སྒོའི་སྐོར་ལ་རྩེ་གཟིམ་འགག་ནས་མགྲོན་གཉེར་ཆེན་མོས་བཀའ་བསྒྱུར་སྩལ། དེ་ཉིན་བཀའ་བློན་རྣམ་པ་དང༌། ཕོགས་མདའ་རྩིས་ཕྱག་ལྷ་ཞོལ་གཉེར་གྱི་མི་དཔོན་གྱིས་མཚོན་ཤོད་སྐོར་གཞུང་ཞབས་རྣམས་སྔ་འཆར་གནས་ཆུང་སྒྲ་དབྱངས་གླིང་དུ་དགུང་གསར་གྱི་རྟེན་བྱུང་ལྷ་ཚེས་གཟབ་གསོལ་དུ་ཕེབས། ལྷ་ལྡན་འབྲས་སྤུངས་ཚོགས་ཆེན་ཕྱག་དམ་པ་ནས་དིང་ཁུང་ཆུ་མིག་སོགས་ས་འདུས་ཁག་ལ་སྒྲིག་སྒོའི་སྒྲིག་ཁྲིམས་བརྩི་སྲུང་དགོས་པའི་ཚོགས་གཏམ་བཏང་ཡོང༌། དགོང་དྲོ་ཡར་ཚོགས་གྲལ་འཛིན་སྐབས། གཙུག་ལག་ཁང་གི་འཁྱམས་རྭའི་དབུ་གཡབ་ནང་བཀའ་ཤག་ཚོགས་གཟིགས་ལ་ཕེབས། ཚོགས་ཆེན་ཞལ་ངོ་ནས་བཅའ་ཡིག་ཆེན་མོ་སྒྲོགས་སྦྱང་དང་འབྲེལ་སྨོན་ལམ་རིང་བྱེད་སྒོའི་སྲོལ་བསྒྲགས། དེ་ཉིན་བླ་ཕྱག་ནས་གསོལ་ཇ་མང་ཇ་དང་དགེ་འདུན་རེར་བཀྲ་ཤིས་པའི་འཛུགས་དར་རེ་བསྒྲོན་ཏེ་ཚོགས་གྲོལ།
བསྟན་སྲུང་ལོ་གསར།
དམངས་ཁྲོད་དུ་དེ་ཉིན་སྔ་དྲོར་རྟེན་མཁར་དང་རི་རྩེ་སོགས་ལ་ཡུལ་མི་སོ་སོས་ཡུལ་དགོན་གྱི་ཆོ་གྲྭ་གདན་ཞུས་ཀྱིས་རྒྱལ་བསྟན་སྲུང་མ་དམར་ནག་གཉིས་ཀྱི་གཙོས་སྲུང་མ་སྤྱི་དང་ཡུལ་ལྷ་གཞི་བདག་བཅས་པར་དཀར་སྤྲོ་དང༌། ཇ་ཆང་འོ་ཕུད་ཕུལ་ཏེ་གཟབ་གསོལ་ཞུས། རི་རྩེ་དང་ཁང་པའི་ཐོག་སྟེང་སྒྲོལ་མའི་གཟུངས་དང་ལས་བཅོལ་འཕྲིན་སྐུལ་བཀོད་པའི་དར་མཚོན་སྣ་ལྔ་དང༌། རང་མཐུན་མཚོན་མདོག་གི་དར་ལྕོག་འཛུགས་ཤིང༌། མཚོན་སྣ་ལྔ་འམ་སོ་སོའི་འབྱུང་ཁམས་མཐུན་པའི་དར་རས་ལ་རླུང་རྟའི་གཟུངས་སྔགས་དཔར་ཏེ་དར་ལྡིང་རྒྱ་ཆེ་བཏང་ནས་ལྷ་རྒྱལ་ཀི་བསོ་དང་བཅས་བསངས་གསོལ་གཟབ་རྒྱས་གྲུབ་མཚམས། རྟེན་འབྱུང་རྣམ་ཐར་དང་གླུ་ལེན་གར་འཁྲབ་བྱས་ཏེ་དགའ་སྐྱིད་དཔལ་ལ་རོལ་བར་བརྟེན་བསྟན་སྲུང་ལོ་གསར་ཞེས་དམངས་ཁྲོད་དུ་བརྗོད་སྲོལ་བྱུང་བ་སོགས་བོད་ཀྱི་སྲོལ་རྒྱུན་ལོ་གསར་ག་དུས་ཙམ་ནས་དར་སྲོལ་བྱུང་ཚུལ་དང་འབྲེལ་ལོ་གསར་གྱི་མིང་གི་རྣམ་གྲངས་འདྲ་མིན་བྱུང་བའི་སྐོར་ས་བཅད་མ་སྟོང་ཙམ་གྱིས་དཔྱད་གཞིའི་སླད་རགས་ཙམ་གླེང་ཁུལ་གྱིས་རང་རེའི་བློ་གསར་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་གོམས་གཤིས་སྲོལ་བཟང་མི་ཉམས་རྒྱུན་འཛིན་ཡོང་རེ་དང་བཅས་བཀྲ་ཤིས་བདེ་ལེགས།། །།
༢༠༡༤།༡།༢༧ བཞུགས་སྒར་ངྷ་ས་ནས་བྲིས། ས་རྦ་མངྒ་ལཾ།