༢༠༡༤ ཟླ་ ༣ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱལ་བ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་གླིང་གི་དགེ་འདུན་པར་བཀའ་སློབ་དང་མང་ཚོགས་ལ་ཆོས་འབྲེལ་སྩལ།
ཕྱི་ཚེས་ ༡༨ ཉིན་གྱི་ཕྱེད་ཡོལ་ཆུ་ཆོད་ ༣ ཐོག་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྩོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་གི་དགེ་འདུན་པར་བཀའ་སློབ་དང་། ཕྱི་ཚེས་ ༡༩ ཉིན་ཧི་མཱ་ཅལ་གཙུག་ལག་སློབ་གྲྭའི་བསླབ་པ་མཐར་གསོན་མཛད་སྒོར་བཀའ་སློབ་སྩལ་གྲུབ་མཚམས་སློབ་གྲྭ་དེ་ནས་༸གོང་ས་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་ (Doctor of Letters D.Litt)འབུལ་ལམ་ཞུས།
ཕྱི་ཚེས་ ༢༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མཛེ་ནད་ལྟ་སྐྱོང་ཁང་ལ་ཆིབས་སྒྱུར་བསྐྱངས་ཏེ་ཧིན་སྒོར་འབུམ་བཅུ་གསོལ་རས་སྩལ་རྒྱུའི་ཞལ་བཞེས་དང་འབྲེལ་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༢༠ ཉིན་གྱི་ཕྱེད་ཡོལ་བུད་མེད་ཀྱི་མཐོ་རིམ་སློབ་གྲྭ་ལེ་ཌི་ཤི་རི་རམ་(Lady Shri Ram)ཞེས་པར་ཆིབས་སྒྱུར་གྱིས་ཤེས་ཡོན་སྡེ་ཚན་གཉིས་དབུ་འབྱེད་ཀྱི་བཀའ་སློབ་སྩལ། ཕྱི་ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ནས་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་ཏཱཇ་གསོལ་མགྲོན་ཁང་ (Taj Hotel) དུ་ཆོས་འབྲེལ་སྩལ།
ཕྱི་ཚེས་ ༢༢ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་གྱི་སློབ་གྲྭ་སི་ཊེབ་བྷ་ཡི་སི་ཊེབ་ (Step by Step School) སོགས་སློབ་གྲྭ་ཁག་མི་འདྲ་བ་བཅུ་གསུམ་གྱི་དགེ་སློབ་གྲངས་ ༢༦༠ དང་སློབ་སྤྱི་གྲངས་ ༤༠ བཅས་ལ་གཞོན་སྐྱེས་ཚོར་བྱམས་བརྩེ་དང་བཟང་སྤྱོད་གལ་ཆེ་ཚུལ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཏཱཇ་གསོལ་མགྲོན་ཁང་དུ་དད་ལྡན་ཆོས་ཞུ་བ་གསུམ་བརྒྱ་བརྒལ་བར་ཐུབ་པ་དམ་ཚིག་གསུམ་གྱི་རྗེས་གནང་སྩལ།
ཕྱི་ཚེས་ ༢༣ ཉིན་གྱི་ཕྱེད་ཡོལ་རྒྱ་གར་གྱི་སྲིད་བློན་དམ་པ་ལཱལ་བྷ་དུར་ཤཱསྟྲི་མཆོག་གི་དཔེ་དེབ་དབུ་འབྱེད་དང་འབྲེལ་བཀའ་སློབ་སྩལ། ཕྱི་ཚེས་ ༢༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལི་ཚོང་ལས་རིག་པའི་མཐོ་རིམ་སློབ་གྲྭ་ (Shri Ram College of Commerce) ཤྲི་རམ་དབུ་བརྙེས་ནས་ལོ་ངོ་ ༨༨ འཁོར་བའི་མཛད་སྒོའི་སྐུ་མགྲོན་དུ་དབུ་བཞུགས་ཀྱི་བཀའ་སློབ་སྩལ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་གྲུབ་མཚམས། ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་ཅན་ངྷི་སྒར་དང་།
དེ་ནས་ཕེབས་འགྲོ་བརྒྱུད་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སྐབས། གངས་སྐྱིད་དང་རྡ་སའི་མི་མང་གིས་གཙོས་དད་ལྡན་པ་རྣམས་ནས་ལག་ཏུ་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། བཞུགས་སྒར་ཕོ་བྲང་རྒྱལ་སྒོའི་ནང་སྲིད་སྐྱོང་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་མཆོག་དང་། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། །