༢༠༡༤ ཟླ་ ༣ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ཁལ་ལི་ཕོར་ནི་ཡ་དང་མི་ནི་སོ་ཊ་མངའ་སྡེའི་ས་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༥ རེས་གཟའ་ལྷག་པའི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པའི་ཐོག་སླར་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་བཞུགས་གནས་མགྲོན་ཁང་དུ་ (Park hyatt) ༸ཞབས་སོར་བདེ་བར་འཁོད་སྐབས། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཕྱག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་སོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། གཞས་པ་རྣམས་ནས་རྒྱལ་གཞས་འཁྲབ་སྟོན་ལམ་ནས་ཕེབས་བསུ་དང་། དེ་བཞིན་རེས་གཟའ་ཉི་མའི་སློབ་ཕྲུག་ཁག་གཅིག་གིས་གྲོ་སོ་ཕྱེ་མར་དང་ཆང་ཕུད་སོགས་འདེགས་འབུལ་གྱིས་གུས་བསུའི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
ཕྱི་ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་དབུ་ཁྲིད་ཁག་གཅིག་ལྷན་མཇལ་འཕྲད་མཛད་རྒྱུ་དང་། ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་མི་སྣ་དང་མཇལ་འཕྲད། དེ་བཞིན་ཉིན་རྒྱབ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་མཇལ་འཕྲད་མཛད་རྒྱུ་མ་ཟད། ཨ་རིའི་གྲོས་ཚོགས་གོང་མའི་དབུ་ཁྲིད་ཁག་གཅིག་དང་མཇལ་ཕྲད་སོགས་སྔ་དྲོ་ཆུ་ཚོད་ ༡༠ པ་ནས་ཉིན་རྒྱབ་ཆུ་ཚོད་ ༢ དང་ཕྱེད་ཀ་བར་ཨ་རིའི་གྲོས་ཚོགས་གོང་འོག་གི་གནད་ཡོད་དབུ་ཁྲིད་ཁག་དང་མཇལ་འཕྲད་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌེ་སི་རུ་ཨ་རི་བོད་ཀྱི་དོན་གཅོད་ལས་ཁུངས་དང་། (The National Cathedral) ཅེས་པའི་རྒྱལ་ཡོངས་ཡི་ཤུ་གཙུག་ལག་ཁང་གཉིས་ཀྱིས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་ཆོས་ཀྱི་མཚམས་ལས་འདས་པའི་གོ་ལ་སྤྱི་ཡོངས་ཀྱི་བཟང་སྤྱོད། ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག