༢༠༡༤ ཟླ་ ༢ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༦ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སྐྱབས་བཅོལ་རོགས་རམ་ཚན་པ་ FFR Division ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་འབོད་སྐུལ་ལྟར། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤི་ཡའི་ཚན་པའི་ East Asia Division ལས་བྱེད་དང་། མ་ཧཱ་རཱཤཏྲ། ཧི་མཱ་ཅལ། ཀར་ན་ཊ་ཀ། ཨོ་ཌི་ཤ། ནུབ་བྷེང་གྷལ། ཨ་རུ་ནཱ་ཅལ། ཇ་མུ་ཀ་ཤི་མིར། ཨུཏྟར་པྲ་དེ་ཤི། ཨུཏྟར་ཁཎྜ། མདྱཱ་པྲ་དེཤི། ཆ་ཏྟི་སི་གྷར། སི་ཀིམ་བཅས་འབྲེལ་ཡོད་མངའ་སྡེ་གཞུང་གི་སྡེ་ཚན་ཁག་གི་ལས་བྱེད། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སྐྱབས་བཅོལ་རོགས་རམ་ཚན་པའི་ལས་བྱེད། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག ནང་སྲིད་དྲུང་ཆེ་དང་དྲུང་འཕར། ལྡི་ལི་དོན་ཁང་གི་དྲུང་ཆེ། སྦེང་ལོར་ལྷོ་སྤྱི། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ། སིམ་ལ། ཨོ་ཌི་ཤ། བྷན་དྷ་ར། རྡ་རམ་ས་ལ་བཅས་ཀྱི་ས་གནས་འགོ་འཛིན་རྣམས་ཚོགས་འདུ་ཚོགས་ཡོད།
རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ར་ཇིབ་ཤར་མ་ Rajeev Sharma ལགས་དང་། ཟུང་དྲུང་ཀེ་ཀེ་པ་ཌག་ K.K. Pathakལགས་ཀྱིས་གཙོ་སྐྱོང་འོག་རྒྱ་གར་ནང་གནས་སྡོད་སྐྱབས་བཅོལ་བོད་མིའི་དཀའ་ངལ་ཁག་ལ་བསྐྱར་ཞིབ་དང་དེ་དག་སེལ་ཐབས་ཆེད་གོ་བསྡུར་སྦྱངས་བཤད་གནང་ཡོད། སྐབས་དེར་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཁག་གི་ནང་གཞིས་ཆགས་ཀྱི་ས་ཞིང་དང་འབྲེལ་བའི་གནད་དོན་དང་། མི་མང་གི་འཐུང་ཆུ། འགྲོ་ལམ། གློག་སོགས་གཞིས་ཆགས་ཡར་རྒྱས་དང་འབྲེལ་བའི་གནད་དོན་ཐོག་མཐུན་རྐྱེན་དང་། ལྷག་པར་ཀར་ཎཱ་ཊ་ཀ། ཨོ་ཌི་ཤ། ཧི་མཱ་ཅལ། བྷན་དྷ་ར་བཅས་ཀྱི་གཞིས་ཆགས་ཁག་གི་ས་ཞིང་དང་འབྲེལ་བའི་ཡིག་ཆ། དེ་བཞིན་གཞིས་ཆགས་གསར་འཛུགས་སྐོར་སོགས་ཀྱི་གནད་དོན་ཐོག་གོ་བསྡུར་གཙོ་བོ་གནང་ཡོད།
ཕྱོགས་མཚུངས་སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་དང་། མི་མང་ནས་མི་ལོ་ལྔ་བཅུ་ལྷག་རིང་བོད་མི་སྐྱབས་བཅོལ་བ་རྣམས་ལ་དུས་རྒྱུན་དུ་ནས་རིན་ཐང་བྲལ་བའི་གཟིགས་སྐྱོང་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག་སྐྱབས་བཅོལ་བོད་མི་རྣམས་ལ་ས་ཞིང་བོགས་མར་གཏོང་བའི་ཡིག་ཆ་མ་ཐོབ་པ་དང། ས་ཞིང་གི་བདག་དབང་བརྟན་པོ་མེད་པའི་ཉེན་ཁ། འཚོ་ཐབས་ཀྱི་མདུན་ལམ་མེད་པ། གཞོན་སྐྱེས་ཁོངས་ལས་མེད། རྒྱ་གར་གཞུང་གི་འཆར་གཞི་ཁག་ནང་སྐྱབས་བཅོལ་བོད་མི་རྣམས་ནས་ཆ་ཤས་ལེན་མ་ཐུབ་པའི་དཀའ་ངལ་སོགས་ཞུས་པ་མ་ཟད། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་ཚོགས་འདུ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཕྱི་ལོ་ ༡༩༨༦ ལོར་གྲུབ་འབྲས་ལྡན་པའི་ཚོགས་འདུ་དྲན་གསོ་གནང་ཡོད། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤི་ཡའི་ཚན་པའི་ East Asia Division ཟུང་དྲུང་གོའོ་ཏམ་བམ་བ་ཝ་ལེ་ Gautam Bambawale ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་སྐྱབས་བཅོལ་བོད་མི་རྣམས་ལ་རྒྱ་གར་གཞུང་གིས་རྒྱ་གར་གྱི་སྐུ་མགྲོན་དུ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གར་ནང་བདེ་སྐྱིད་ངང་གནས་ཐབས་འབད་བརྩོན་གང་ཐུབ་བྱེད་བཞིན་ཡོད་སྐོར་གསུངས། མངའ་སྡེ་ཁག་གི་འབྲེལ་ཡོད་ལས་བྱེད་རྣམས་ནས་སྐྱབས་བཅོལ་བོད་མི་རྣམས་དང་འབྲེལ་བའི་གནད་དོན་ཐོག་རང་རང་སོ་སོའི་ཚོར་སྣང་དང་། མཐུན་འགྱུར་དང་དགོས་མཁོ་ཇི་ཡོད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད།
མཐར་ཟུང་དྲུང་ཀེ་ཀེ་པ་ཌག་ K.K. Pathak ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་བོད་མི་སྐྱབས་བཅོལ་བའི་གནས་སྡོད་ནང་དཀའ་ངལ་འཕྲད་བཞིན་པའི་ས་ཁུལ་ཁག་གི་གྲངས་ཐོ་ཞིག་འབུལ་ཐུབ་ན་དཀའ་ངལ་སེལ་རྒྱུའི་སྲིད་བྱུས་ལག་བསྟར་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་གསུངས།
རྒྱ་གར་ནང་གནས་སྡོད་སྐྱབས་བཅོལ་བོད་མིའི་དཀའ་ངལ་ལ་བསྐྱར་ཞིབ་ཆེད་ཚོགས་འདུ་ཚོགས་པ།
གསར་གནས།
འབྲེལ་གནས།