༢༠༡༤ ཟླ་ ༢ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༦ ཉིན་འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༢ ནས་ ༢༣ བར་འབྲས་ལྗོངས་ལྷོ་ཕྱོགས་ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དོན་དང་སྤྱི་ཡོངས་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་དང་། ལས་ཁུང་དང་གཏུག་བཤེར་ཁང་། ལས་ཤག་བཅས་ཀྱི་མཐུན་རྐྱེན་ལ་ཞིབ་འཇུག་དང་ལམ་སྟོན་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། ལས་རིམ་གྱི་ཞོར་སྟབས་སུ་ཤར་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་མ་འོངས་ལས་དོན་ཡར་རྒྱས་གཏོང་ཐབས་དང་ས་གནས་ནས་དགོས་ངེས་མཐུན་འགྱུར་གནང་ཕྱོགས་སྐོར་ཀུན་ཕན་གླིང་ས་གནས་འགོ་འཛིན་གཙོས་པའི་གནད་ཡོད་ལས་ཀྱི་སྣེ་མོ་བ་ལྷན་བཞུགས་མོལ། ཀུན་ཕན་གླིང་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ལས་དོན་བྱེད་ཕྱོགས་དང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་ངོ་སྤྲོད་བཅས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢༣ ཉིན་བཞུགས་སྒར་དུ་བདེ་འབྱོར་བྱུང་ཡོད།
དེ་ཡང་དཔལ་ལྡན་ཁྲིམས་ཞིབ་ཆེ་བ་མཆོག་ཕྱི་ཚེས་ ༡༣ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་སྦག་ཌོ་རར་འབྱོར་སྐབས། ཤར་ཕྱོགས་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་དང་ས་གནས་འགོ་འཛིན་བློ་བཟང་དོན་གྲུབ་ལགས་ནས་ཕེབས་བསུ་ཞུས་ཀྱིས་ཀུན་ཕན་གླིང་གཞིས་ཆགས་སུ་འབྱོར་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། བརྒྱ་དཔོན་རྣམ་པ། གཞིས་མཉམ་ལས་བྱེད་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས།
ཕྱི་ཚེས་ ༡༤ ཉིན་སྔ་དྲོར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཤར་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ལས་ཁུངས་དང་གཏུག་བཤེར་ཁང་ལས་ཤག་བཅས་སུ་གཟིགས་སྐོར་དང་འབྲེལ་འཛིན་ཆས་མཐུན་རྐྱེན་དང་ཁང་པའི་གནས་སྟངས། ལས་ཁུངས་ཀྱི་ཡིག་ཆ་བདག་ཉར་དོ་དམ་བྱེད་ཕྱོགས་ཐོག་བཅས་པར་ཞིབ་འཇུག་གིས་སྐབས་འཕྲལ་ལམ་སྟོན་བཀོད་མངགས་གནང་ཡོད་པ་དང་། ལས་བྱེད་ཚོགས་འདུའི་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཁྲིམས་དོན་དང་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐོག་ཞིབ་ཆའི་ལམ་སྟོན་དང་སྐུལ་ལྕག་གནང་ཡོད།
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག ས་གནས་ནས་ཞུས་སྐུལ་བྱུང་དོན་ལྟར། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཀུན་ཕན་གླིང་གཞིས་ཆགས་ཚོགས་ཁང་ཆེན་མོའི་ནང༌། སེར་སྐྱ་མི་མང་ ༢༥༠ ཙམ་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་ཁོངས་ཁྱབ་ཚད་དང་། ལས་དོན་བྱེད་ཕྱོགས། དམིགས་བསལ་ས་གནས་ཁྲིམས་ཞིབ་ཁང་གི་ལས་འགན། ཁ་མཆུ་ཞུ་གཏུག་བྱ་ཕྱོགས། ས་གནས་སུ་ཁ་མཆུ་བྱུང་སྐབས་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་བསྟེན་ཕྱོགས། ས་གནས་ཀྱི་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་རྣམ་པས་སྤྱི་ཚོགས་ཀྱི་ཞབས་ཞུ་ལྟ་བུའི་སྒོ་ནས་ཞབས་འདེགས་ལྷོད་མེད་ཞུ་གལ་ཆེ་སྐོར་དང་། དུས་ཚོད་དང་འགྲོ་སོང་ཆེད་དུ་འོས་འཚམ་གྱི་གླ་ཡོན་ལེན་པ་ལས་ཡུལ་ཁྲིམས་ཀྱི་ཁྲིམས་རྩོད་པ་ནང་བཞིན་གླ་ཡོན་ཆེན་པོ་ལེན་ཐལ་མེད་པ་དགོས་སྐོར། སླད་ཕྱིན་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ལས་རིམ་ནང་མི་འགྲོ་གང་མང་འཛུལ་ཞུགས་ཐུབ་པ་བྱ་དགོས་པ་མ་ཟད། རྒྱ་གར་གྱི་ཁྲིམས་ཀྱི་མཐོ་སློབ་ནང་གཞིས་ཆགས་ཀྱི་ན་གཞོན་གང་མང་འཛུལ་ཞུགས་བྱ་དགོས་པའི་འབོད་སྐུལ་དང་འབྲེལ། དུས་ནས་དུས་སུ་ས་གནས་ཁྲིམས་ཞིབ་པས་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་སྤེལ་སྐབས་དོ་སྣང་བྱ་དགོས་པ་དང་ཁྱད་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཆོག་གི་བཀའ་སློབ་རིན་པོ་ཆེ་སྙིང་དབུས་སུ་བཅངས་ཏེ་ཡ་རབས་བཟང་སྤྱོད་ཀྱི་སྒོ་ནས་རང་རིགས་སྤྱི་ཚོགས་ནང་འཆམ་མཐུན་ངང་འཚོ་གནས་ཐུབ་པ་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པ་བཅས་ཀྱི་སྐོར་ལ་གསུང་བཤད་ཟབ་རྒྱས་གནང་བ་དང༌། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གནང༌།
ཕྱི་དྲོ་ཚོུད་ ༢ པ་ནས་གཞིས་ཆགས་སློབ་གྲྭ་དང་། གཞིས་དགོན་གཉིས་སུ་གཟིགས་སྐོར་གནང་། ཕྱི་དྲོ་ཚོུད་ ༤།༠༠ ཐོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མཇལ་འཕྲད་ཁང་དུ་ཀུན་ཕན་གླིང་གཞིས་ཆགས་ཀྱི་ཁྱབ་ཁོངས་ཚན་པ་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཀྱི་གནད་ཡོད་མི་སྣ་ ༢༠ ལྷག་ལ་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ལས་དོན་བྱེད་ཕྱོགས་དང། ཟུར་འཛུགས་ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ཁྱབ་ཁོངས་ས་གནས་དང་ད་ཡོད་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་བཅས་ངོ་སྤྲོད་དང་འབྲེལ་ཟུར་འཛུགས་ས་གནས་ཁྲིམས་ཞིབ་ཁང་ཁག་གི་དགོས་དམིགས་ཀྱི་སྐོར་ཁ་གསལ་འགྲེལ་བརྫོད་གནང་ཡོད།
ལྷག་པར་དུ་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཀུན་ཕན་གླིང་གཞིས་ཆགས་སུ་འཛུགས་དགོས་པའི་རྒྱུ་མཚན་གཙོ་བོ་རྒྱ་གར་དབུས་མངའ་སྡེ་ཁག་དང་ཤར་ཕྱོགས་མངའ་སྡེ་ཁག་ནང་རྟེན་གཞི་བྱས་བོད་མིའི་གཞིས་ཆགས་དང་ཁ་ཐོར་འདུ་གནས་ཁག་ལ་འབྲེལ་མཐུད་བདེ་བའི་ས་བབ་ཀྱི་ཆ་ནས་ཡིན་མ་ཟད་། ས་ཁང་གནས་སྟངས་གང་གི་ཆ་ནས་གཞུང་གྲོན་ཐོག་ཕན་ཐོགས་ཡོད་པ་བཅས་ཀྱི་སྐོར་འགྲེལ་བརྗོད་དང་། ས་གནས་འབྲེལ་ཡོད་ཚན་པ་ཁག་ནས་ད་བར་ས་གནས་ཁྲིམས་ཞིབ་ཁང་ལ་གང་ཐུབ་མཐུན་འགྱུར་གནང་བར་ལེགས་གསོལ་དང་མ་འོངས་པར་སྔར་བཞིན་མཐུན་འགྱུར་དང་ཆེ་མཐོང་ལྷོད་མེད་ཞུ་དགོས་འབོད་སྐུལ་གནང་། ཕྱི་དྲོ་ཚོུད་ ༧ པར། ས་གནས་འགོ་འཛིན་ལས་ཁུངས་དང་ཚན་པ་ཁག་ཐུན་མོང་ནས་ཁྲིམས་ཞིབ་པ་ཆེ་བ་མཆོག་ལ་གསོལ་སྟོན་འདེགས་འབུལ་ཞུས་འདུག
ཕྱི་ཚེས་ ༡༦ སྔ་དྲོ་ཚོུད་ ༩།༣༠ ཐོག ས་གནས་འགོ་འཛིན་དང་། མཉམ་འབྲེལ་ཚོགས་གཙོ། མཉམ་དྲུང་བཅས་ལྷན་ཟུར་ཚོགས་ཀྱིས། མཉམ་འབྲེལ་ནས་ཤར་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་ལ་ཁང་ཁུངས་མཐུན་འགྱུར་ཞུ་ཕྱོགས་སྐོར་ལ་གོ་བསྡུར་གནང་སྟེ་ས་གནས་མཛད་རིམ་ཁག་ལེགས་གྲུབ་བྱུང་ཡོད་པ་དང་། ཐེངས་འདིར་དཔལ་ལྡན་ཁྲིམས་ཞིབ་པའི་ཕྱག་རོགས་སུ་ལྷན་བཅར་ཞུས་པའི་སྡེ་འགན་འཇིགས་མེད་ཚེ་བརྟན་ལགས་ཀྱིས་ཕྱི་ཚེས་ ༡༧ ནས་ ༡༩ བར་ཤར་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ལས་བྱེད་རྣམས་ལ་དངུལ་རྩིས་དང་། ཡིག་རིགས་བདག་ཉར་དོ་དམ་སྐོར་ལ་རྒྱུས་སྟོན་བྱས་ཡོད་པ་བཅས། །
དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཞིབ་འཇུག་དང་ལམ་སྟོན་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
གསར་གནས།
འབྲེལ་གནས།