༢༠༡༤ ཟླ་ ༢ ཚེས་ ༢༤ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༤ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་གསར་དུ་བཞད་ནས་ད་བར་བོད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ནས་ཡིན་པ་རང་ལོ་ ༢༧ ལ་སོན་པའི་འཕགས་མོ་བསམ་གྲུབ་ལགས་དང་། བོད་རྔ་བ་ཁུལ་ནས་རང་ལོ་ ༢༥ ལ་སོན་པ་བློ་བཟང་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བསྟུད་མར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་མུས་ལ་ཞི་རྒོལ་ཆེད་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བར། ཕྱི་ཟླ་ ༢ ཚེས་ ༢༡ ཉིན་གྱི་དགོང་དྲོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ནང་ཆོས་འཛིན་ཁང་དུ་ཆོས་ལུགས་རིས་མེད་ཀྱི་མཁན་བླ་དགེ་འདུན་དང་། ས་གནས་བོད་མི་བཅས་མི་གྲངས་ཉི་ཤུ་ལྷག་མཉམ་འཛོམས་གནང་སྟེ་རྟེན་མཆོག་སྤྱན་སྔའི་མདུན་མཆོད་འབུལ་སྨོན་ལམ་གསུང་འདོན་གྲུབ་རྗེས་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་དོན་ཁང་གི་རྩིས་པ་གསར་རྙིང་ངོ་སྤྲོད་གནང་སྐབས་གསུང་དོན། རྩིས་པ་སྐལ་བཟང་ལྷུན་གྲུབ་ལགས་སུ་དེ་སྔོན་གཞུང་ཞབས་ཁོངས་ནས་སུད་སི་བོད་མིའི་གཟེངས་རྟགས་ཐོབ་མྱོང་བ་དང་། འདི་ག་དོན་ཁང་གི་རྩིས་པའི་ལས་ཁུར་བྱེད་རིང་། ཁོང་གིས་བོད་སྤྱིའི་ལས་དོན་ཐོག་ལྷག་བསམ་རྣམ་དག་དང་འབད་བརྩོན་ཆེ་བསྐྱེད་ཐོག་སྒོས་སུ་རང་འཁྲིའི་ལས་འགན་ལ་དོ་སྣང་ཆེན་པོས་འགན་ཁུར་དང་གཙོ་བོ་རྩིས་ཁྲ་ཁག་ཆད་སྐྱོན་ནོར་འཛོལ་སོགས་མེད་པར་ཁམས་དྭངས་རྩིས་གཙང་བྱུང་ཡོད་པ་མ་ཟད། རྒྱུན་དུ་ཐེ་ཝམ་ཁུལ་དུ་གནས་སྡོད་བོད་མིར་ཞི་མཐུན་དང་བཟང་པོའི་འབྲེལ་ལམ་གྱིས་ཞབས་ཞུ་ཧུར་ཐག་གནང་ཡོད་པར། ཁོང་ནི་ཚང་མས་མིག་དཔེ་བལྟ་འོས་པའི་སྲི་ཞུ་བ་ཞིག་ཡིན་པའི་ཚད་མཐོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། རྩིས་པ་གསར་པ་ཟླ་བ་ལགས་ངོ་སྤྲོད་གནང་བ་རེད།
ཐེ་ཝན་དུ་མཆོད་འབུལ་སྨོན་ལམ་ཚོགས་པ།
གསར་གནས།

འབྲེལ་གནས།
