༢༠༡༤ ཟླ་ ༢ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་ཨ་སཱམ་ Assam མངའ་སྡེའི་རྒྱལ་ས་གྷོ་ཧ་ཊིར་ Guwahati ཆིབས་སྒྱུར་བསྐྱངས་ཏེ་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དེ་ཉིན་སྔ་དྲོ་ཐད་འཕུར་གནམ་གྲུ་བརྒྱུད་ཆིབས་སྒྱུར་བསྐྱངས་ཏེ་གྷོ་ཧ་ཊིར་༸ཞབས་སོར་འཁོད་བསྟུན། ༸གོང་ས་མཆོག་ཁུལ་དེར་གདན་ཞུ་གོ་སྒྲིག་ཞུ་མཁན་མགྲོན་བདག་སྐུ་ཞབས་བྷ་ཤི་ཀར་དདྟཱ་བྷ་རུཧཱ་ Bhaskar Dutta-Baruah ལགས་ཀྱིས་གཙོས་བོད་མི་དང་ཨ་སཱམ་མི་མང་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
ཉིན་གུང་ལྗགས་སྨིན་གྲུབ་མཚམས་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་གི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་ར་བིནྡྲཱ་ཚོགས་ཁང་ Rabindra Bhawan ནང་དུ་ཆོས་ལུགས་མཐུན་སྒྲིལ་སྐོར་གྱི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་སྐོར་ལམ་སྟོན་བཀའ་སློབ་སྩལ་ཡོད།
དེ་ཡང་སྐབས་དེར་ཐོག་མར་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་རྣམས་དང་མཇལ་འཕྲད་མཛད་རྗེས་གཙུག་ལག་སློབ་དཔོན་རན་ཇི་ཏི་དེབ་གྷོ་སྭ་མི་ལགས་ཀྱིས་བླ་ཆེན་རྣམས་རེ་རེ་བཞིན་མང་ཚོགས་ལ་ངོ་སྤྲོད་ཞུས། དེ་ནས་བླ་ཆེན་རྣམས་ཀྱིས་སྣང་གསལ་ཞལ་ཕྱེ་མཛད་རྗེས་ཐོག་མར་ཅེ་ར་པུན་ཇི་ Cherrapunjee ནས་ཕེབས་པའི་ཧིན་དུའི་བླ་ཆེན་སུ་མ་ན་ས་ནནྡཱ་མཧཱ་རཱཇ་ Swami Sumanasananda Maharaj མཆོག་གིས་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་སྐོར་གསུང་བཤད་གནང་། དེ་ཡང་ཁོང་གིས་ཆོས་ནི་ཤིང་ནྱ་གྲོ་ད་ banyan tree དང་མཚུངས་པར་སྐྱེས་བུ་མང་པོར་གྲིབ་བསིལ་སྦྱིན་ཞིང་ཡལ་ག་དང་རྩ་བ་དུ་མས་དཀོན་མཆོག་གི་ས་ལ་བསྐྱོད་རྒྱུའི་ལམ་དུ་མ་མཚོན་བཞིན་ཡོད། ཅེས་གསུངས་པ་དང་སྦྲགས་སྐུ་ཞབས་རཱ་མ་ཀི་རི་ཤི་ན་ Sri Ramakrishna མཆོག་གིས་ཆོས་ལུགས་ཚང་མར་ལམ་མི་འདྲ་བ་ཡོད་ཀྱང་མཐར་ཐུག་གི་དམིགས་ཡུལ་ནི་གཅིག་མཚུངས་ཡིན་སྐོར་གསུངས་པ་ལུང་འདྲེན་གནང་།
ཕྱོགས་མཚུངས་སྐབས་དེར་ནང་པའི་དགེ་སློང་སྐུ་ཞབས་བྷི་མ་ལང་ཀུར་མ་ཧཱ་ཐེ་ར་ Ven. Bimalankur Mahathera མཆོག་གིས་ཨ་སཱམ་སྐད་ཀྱི་ཐོག་གསུང་བཤད་གནང་སྐབས་ནང་ཆོས་ཀྱིས་ཆོས་ལུགས་གཞན་སུ་ལའང་ཐེ་བྱུས་དང་ཕོག་ཐུག་བཏང་མྱོང་མེད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་ཞབས་ནཱ་ར་ཡན་ཅནྡྲ་གྷོ་སྭ་མི་ Sri Narayan Chandra Goswami མཆོག་གིས་གསུང་བཤད་གནང་། དེ་ནས་གྷོ་ཧ་ཊིའི་ཡི་ཤུའི་ལྷ་ཁང་གི་བླ་ཆེན་ཐོ་མ་སི་ Father Thomas Menamparampil མཆོག་གིས་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཆེད་ཐུགས་བརྩོན་མཛད་པ་རྣམས་གསལ་བཤད་གནང་སྟེ་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་ཁ་ཆེ་དང་སིཀ་སོགས་ཆོས་ལུགས་འདྲ་མིན་སོ་སོའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་སྤྱི་ཚོགས་ནང་བྱམས་བརྩེ་དང་འཆམ་མཐུན་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། རྩ་བའི་ངོས་རང་ས་གནས་འདིའི་གནམ་ཐང་བརྒྱུད་ནས་ས་གནས་གཞན་ཁག་ཏུ་ཐེངས་མང་འགྲོ་མྱོང་ཡོད་ཀྱང་ས་གནས་འདིར་དངོས་སུ་གཞུང་འབྲེལ་གྱི་མཛད་སྒོ་ལྟ་བུར་མཉམ་ཞུགས་བྱ་རྒྱུ་ཐེངས་དང་པོ་ལྟ་བུ་ཆགས་ཡོད།
སྐབས་འདིར་ཡང་ཆོས་ལུགས་མཐུན་སྒྲིལ་སྐོར་གྱི་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་རྒྱུ་བྱུང་བ་འདི་རན་པོ་ཞིག་ཀྱང་ཆགས་འདུག དེར་བརྟེན་ངོས་ཀྱིས་གོ་སྒྲིག་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། གོང་དུ་གསུང་བཤད་གནང་མཁན་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆོས་ལུགས་གཙོ་ཆེ་ཚང་མའི་ཉམས་ལེན་གཙོ་བོ་ནི་བྱམས་བརྩེ་དང་བཟོད་བསྲན། འདོད་ཆུང་ཆོག་ཤེས་སོགས་ཡིན། ཆོས་ལུགས་འདྲ་མིན་གྱི་སྐྱེས་ཆེན་དམ་པ་གོང་མ་ཚོས་ཞལ་ནས་གང་གསུང་པ་རྣམས་ཁ་ཞེ་གཉིས་མེད་ཀྱིས་ཉམས་ལེན་གནང་ཡོད། རང་གཅེས་འཛིན་གྱི་བསམ་བློས་འདོད་རྔམ་སྤེལ་བཞིན་ཡོད།་འདས་པའི་ལོ་ངོ་ ༤༠ རིང་ངོས་ཀྱིས་ཆོས་ལུགས་འདྲ་མིན་ཁག་གི་བླ་མ་དང་ཆོས་པ་སོགས་མཇལ་རྒྱུའི་གོ་སྐབས་ཐོབ་པ་བརྒྱུད་ནས་རང་ཉིད་ལ་ཉམས་མྱོང་ཞིག་ཐོབ་བྱུང་བ་དེ་ནི་ཆོས་ལུགས་འདྲ་མིན་ཚང་མས་བྱམས་བརྩེའི་སྐོར་སྐད་ཆ་ཤོད་བཞིན་ཡོད་པ་དེ་ཡིན། གལ་ཏེ་ང་ཚོས་ངོ་ཐོག་ལག་ལེན་བསྟར་ཐུབ་པ་ཡིན་ན་ང་ཚོ་དང་ཁྱེད་ཚོ་ཞེས་པའི་དབྱེ་འབྱེད་ཀྱི་བསམ་བློ་བརླག་སྟེ་ང་ཚོ་ཚང་མ་གཅིག་ཡིན་བསམས་པའི་གཅིག་གྱུར་གྱི་འདུ་ཤེས་ཡོང་རྒྱུ་དང་།
དེ་འདྲ་བྱུང་ཚེ་ལྐོག་ཟ་རུལ་སུངས་ཀྱིས་མཚོན་སྤྱི་ཚོགས་ནང་མིས་བཟོས་པའི་དཀའ་ངལ་མང་དག་ཅིག་མེད་པ་ཆགས་རྒྱུ་ཡིན། དྲང་པོ་ཞུས་ན་ཆོས་ལུགས་ཀྱི་རྙོག་གྲ་ཁ་སྣོན་མ་བྱས་ཀྱང་འཛམ་གླིང་འདིར་རྙོག་གྲ་གཞན་མང་དག་ཅིག་ང་ཚོར་འཕྲད་བཞིན་ཡོད། ཅེས་དང་གཞན་ཡང་སྐབས་དེར་༸གོང་ས་མཆོག་གིས་རྒྱ་གར་གྱི་ལོ་ངོ་སྟོང་གི་རིང་སྲོལ་རྒྱུན་ནས་དར་བའི་རྒྱ་གར་རང་གི་ཆོས་ལུགས་ཧིན་དུ་དང་གཅེར་བུ་བ། སིཀ་སོགས་ཡོད་བཞིན་དུ་ཕྱི་ནས་གསར་དུ་བསླེབས་པའི་ཡེ་ཤུ་དང་ཁ་ཆེ། ཛོ་ར་ཛུ་དིན། ཇིའུ་སོགས་འཆམ་མཐུན་ངང་འཚོ་གནས་དང་དར་སྤེལ་ཐུབ་ཡོད་པ་ནི་ངོ་མཚར་དང་རྗེས་སུ་ཡི་རང་སྐྱེ་དགོས་པ་ཞིག་ཆགས་ཡོད། གནས་ཚུལ་འདི་ལྟ་བུ་འཛམ་གླིང་ས་ཕྱོགས་གཞན་དུ་རྙེད་རྒྱུ་ཁག་པོ་ཆགས་ཡོད། ངོས་རང་ནི་རྒྱ་གར་སྲོལ་རྒྱུན་གྱི་བསླབ་བྱ་བརྒྱུད་སྤྲོད་བྱེད་མཁན་གྱི་བང་ཆེན་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་རྣམས་ཀྱིས་དགའ་བསུའི་ཐལ་མོ་བརྡབས། དེ་ནས་༸གོང་ས་མཆོག་གིས་ཚོགས་བཅར་བ་བླ་ཆེན་རྣམས་ལ་འཚམས་འདྲིའི་མཇལ་དར་སྩལ་ཡོད་པ་བཅས།།