༢༠༡༤ ཟླ་ ༢ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ལོན་ཌོན་དུ་འཚོགས་བཞིན་པའི་རྒྱལ་སྤྱི་ཆོས་ལུགས་ལྷན་ཚོགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཚང་མར་གུས་བཀུར་བྱེད་རྒྱུ་གལ་ཆེ་ཡིན་པ་དང་། ཆོས་ལུགས་ཚང་མའི་གཞི་རྩའི་དམིགས་ཡུལ་ནི་གཞན་ཕན་གྱི་ལྟ་བ་དང་། བྱམས་བརྩེ་གོང་སྤེལ་གཏོང་ཐབས་ཡིན་པའི་གསུང་འཕྲིན་སྩལ་འདུག
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཚང་མའི་གཞི་རྩའི་དམིགས་ཡུལ་ནི་གཞན་ཕན་གྱི་ལྟ་བ་དང་། བྱམས་བརྩེ་གོང་སྤེལ་གཏོང་ཐབས་ཡིན་པར་བརྟེན་ཆོས་ལུགས་ཚང་མར་གུས་བཀུར་བྱེད་རྒྱུ་གལ་ཆེན་པོ་ཡིན། ཆོས་ལུགས་ཚང་མ་ནང་སེམས་ཞི་བདེ་བསྐྲུན་ཐབས་ཆེད་ཡིན་པ་དང་། ངོས་ཀྱི་རྒྱལ་སྤྱི་ཆོས་ལུགས་ལྷན་ཆོགས་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཡོད་ཅེས་གསུང་འཕྲིན་སྩལ་ཡོད་སྐོར་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།
རྒྱལ་སྤྱི་ཆོས་ལུགས་ལྷན་ཚོགས་དེར་ཆོས་ལུགས་ཁག་གི་དབུ་ཁྲིད་དང་། ཆབ་སྲིད་མི་སྣ། ཤེས་ཡོན་ཅན། མཁས་དབང་། གཞུང་གི་དཔོན་རིགས། ཕྱི་འབྲེལ་མི་སྣ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་རྒྱལ་ཁབ་ ༢༦ ནས་སྐུ་ཚབ་འཐུས་མི་ ༥༠༠ ལྷག་ཙམ་ནས་མཉམ་ཞུགས་གནང་ཡོད་འདུག ལྷན་ཚོགས་ཀྱི་བརྗོད་གཞི་ནི། དུས་རབས་ཉི་ཤུ་རྩ་གཅིག་པའི་དཀོན་མཆོག་ཅེས་པ་དེ་ཡིན། ལྷན་ཚོགས་དེ་ནི་ཡུ་རོབ་ཨེ་མ་དེ་ཡཱ་ཁ་ཆེའི་མང་ཚོགས་ (Ahmadiyya Muslim Community) ནས་གོ་སྒྲིག་ཞུས་ཡོད།
རྒྱལ་ཡོངས་ཨེ་མ་དེ་ཡཱ་ཁ་ཆེའི་མང་ཚོགས་ཀྱི་དབུ་ཁྲིད་ཧ་ཛར་ཏི་ (Hazrat Mirza Masroor Ahmad) མཆོག་གིས་འཛམ་གླིང་ནང་གི་ཆོས་ལུགས་མང་ཆེ་བས་དཀོན་མཆོག་ལ་མཆོད་པ་དང་། འགྲོ་བ་མི་རིགས་ལ་བྱམས་སྙིང་རྗེ་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད། གལ་ཏེ་དེང་སྐབས་ང་ཚོས་སློབ་སྟོན་ངོ་མ་དེ་དག་ཉམས་ལེན་བྱས་ཚེ་རྩོད་རྙོག་དང་དམག་འཁྲུག་མེད་པར་ཞི་མཐུན་གྱི་སྤྱི་ཚོགས་ཤིག་འགོ་འཁྲིད་བྱེད་ཐུབ། སེམས་ཁྲལ་བྱེད་དགོས་པའི་གནད་དོན་ཞིག་ལ་འཛམ་གླིང་ཡོངས་ཀྱིས་གཞུང་ཕྱོགས་ནས་སྤྱི་ཚོགས་ཀྱི་བདེ་དོན་དང་། འགྲོ་བ་མིའི་བདེ་རྩའི་ལས་གཞི་ལས་ལྷག་པ་སྲུང་སྐྱོབ་དང་དམག་མིའི་ཐོག་འགྲོ་གྲོན་ཆེ་བ་གཏོང་རྒྱུ་གལ་གནད་ཆེ་བ་རྩི་བཞིན་ཡོད་པ་དེ་ཡིན། ཞེས་བརྗོད་ཡོད།
༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་སུ་གསུང་འཕྲིན་སྩལ་བ།
གསར་གནས།
འབྲེལ་གནས།