༢༠༡༤ ཟླ་ ༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤི་ལོང་ས་གནས་འགོ་འཛིན་ལས་ཁུངས་དང་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༤ ཉིན་མགོན་པོ་གང་ཉིད་མཆོག་གིས་པོ་ལོ་ (Polo Ground) ཐང་ཆེན་དུ་དད་ལྡན་ཆོས་ཞུ་བ་ ༥༠༠༠ བརྒལ་བར་རྒྱལ་སྲས་ཐོགས་མེད་བཟང་པོ་མཆོག་གིས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་སྐབས་བཀའ་སློབ་ཕེབས་དོན། དེ་རིང་ངོས་ཀྱིས་ཁྱེད་རང་ཚོར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བྱེད་ཀྱི་ཡོད། ནང་པ་སངས་རྒྱས་པའི་གཞུང་ནས་སྡུག་བསྔལ་གྱི་རྩ་བ་ནི་སོ་སོའི་སེམས་རྒྱུད་མ་རིག་པ་དང་མི་ཤེས་པའི་དབང་གིས་བྱུང་བ་ཡིན་སྐོར་གསུང་སྟབས། མི་ཤེས་པ་སེལ་རྒྱུར་རང་ཉིད་ཀྱིས་བསམ་བློ་གཏོང་དགོས་པ་རེད་མ་གཏོགས་དད་པ་ཁོ་ནས་སེལ་ཐུབ་ཀྱི་མེད། དེར་བརྟེན་མ་ཤེས་པ་སེལ་བར་བྱ་རྒྱུར་ཤེས་པའི་བློ་ཞིག་ངེས་པར་དུ་སྐྱེས་དགོས། སྤྱིར་བཏང་འཛམ་གླིང་འདིའི་ནང་སྲོག་ཆགས་འདྲ་མིན་སྣ་ཚོགས་ཤིག་ཡོད་ཁོངས་ནས་ང་ཚོ་འགྲོ་བ་མིར་བསམ་བློ་གཏོང་ཐུབ་པའི་ཀླད་པ་ཞིག་ཡོད་པ་ལྟར་གཞན་ལ་མེད། དེར་བརྟེན་དེ་ལྟ་བུའི་ཆོས་ཤིག་བསྒྲུབ་པར་མི་ལུས་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཚེ་འདིར་མི་ལུས་ཐོབ་པ་འདི་མི་ཚེ་དོན་ལྡན་ཞིག་ཡོང་རྒྱུར་གྲོགས་བཟང་ངན་གྱི་ཁྱད་པར་ཡོང་གི་ཡོད། དཔེར་ན།
རང་ཉིད་གྲོགས་འདྲིས་བྱེད་ཡུལ་གྱི་གྲོགས་པོ་མིག་དཔེ་ལྟ་ས་ཡག་པོ་ཞིག་ཡོད་ན། དགེ་བའི་གྲོགས་སུ་ཕྱིན་ཏེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། ཡང་རང་ཉིད་གྲོགས་འདྲིས་བྱེད་ཡུལ་དེ་མ་རབས་དང་ཐ་ཤལ་བྱེད་མཁན་ཞིག་ཡིན་ན། རིམ་བཞིན་རང་ཉིད་ལ་གཤིས་ཀ་ངན་པ་ཞིག་རང་བཞིན་གྱིས་འཇགས་ཀྱི་རེད། རྒྱལ་སྲས་ཐོགས་མེད་བཟང་པོ་མཆོག་གིས། །གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ། །བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི། །གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། ཞེས་གསུངས་ཡོད། དེར་བརྟེན་རང་ཉིད་ཁ་མིག་ཡ་ལྟ་བྱེད་ཡུལ་གྱི་དགེ་བའི་བཤེས་གཉེན་དང་གྲོགས་བཟང་བསྟེན་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། འདི་གར་ལྷ་ཁང་ཆུང་ཆུང་ཞིག་ཡོད་པ་འདིར་ཁྱེད་རང་ཚོས་སྨོན་ལམ་རྒྱག་ཡུལ་དང་དགེ་འདུན་པ་ཚོར་སྐུ་འགྱེད་དང་མང་ཇ་འབུལ་རྒྱུ་ཁོ་ནར་མ་བཞག་པར། ཁྱེད་རང་ཚོས་ནང་པའི་ཆོས་སློབ་སྦྱོང་བྱེད་དགོས་བསམས་པའི་ཐོག་ཕན་ཚུན་གོ་བསྡུར་དང་ནང་ཆོས་ལ་བགྲོ་གླེང་བྱེད་དགོས། ལོ་གཉིས་གསུམ་ནང་ལྟ་གྲུབ་ཕྱོགས་བསྡོམས་བྱས་པའི་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་ཅིག་འཐོན་ཡོང་གི་རེད།
དེ་དག་ལ་ལྟ་ཐུབ་ན་ནང་པའི་ཆོས་ཀྱི་གོ་བ་ཡག་པོ་རྙེད་ཀྱི་རེད། ནང་ཆོས་ལ་གོ་ཆགས་པའི་ཐོག་ནས་སངས་རྒྱས་དང་། ཆོས། དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ་དང། དེ་བཞིན་མ་ཎི་བགྲང་ཡང་ནུས་པ་ཐོན་པ་ཡོང་གི་རེད། ནང་ཆོས་ལ་གོ་བ་མ་ཆགས་པར་སངས་རྒྱས་དང་། ཆོས། དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ་བརྒྱ་ཕྲག་སྟོང་ཕྲག་བརྗོད་ཀྱང་ཚིག་ཙམ་གྱི་ཕན་ཡོན་མ་གཏོགས་ཕལ་ཆེར་ཁག་པོ་རེད། དེར་བརྟེན་ནང་པའི་ཆོས་ལ་དད་པ་ཡོད་པ་ཙམ་གྱིས་འགྲིག་ཐབས་མི་འདུག ནང་ཆོས་ལ་ངེེས་པར་དུ་སློབ་སྦྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཤི་ལོང་ས་གནས་ཀྱི་མི་མང་ནང་ནས་ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོས་འདི་གར་ཡོད་པའི་ལྷ་ཁང་འདི་སློབ་གཉེར་ཁང་ཆུང་ཆུང་ཞིག་ཏུ་བསྒྱུར་ཐུབ་རྒྱུར་དེ་རིང་སྔ་དྲོ་ངོས་ཀྱིས་འབྲེལ་ཡོད་ཚོར་རེ་སྐུལ་ཞུས་པ་ཡིན། དེ་བཞིན་ས་གནས་ཀྱི་དཔོན་རིགས་ཁག་གཅིག་ལ་འགྲེལ་བཤད་རྒྱག་སྐབས་ཧ་ཅང་དགའ་པོ་བྱེད་བཞིན་འདུག རིམ་བཞིན་ཡག་པོ་ཡོང་ཐུབ་པའི་རེ་བ་ཡོད། མདོར་ན། ནང་ཆོས་སློབ་སྦྱོང་བྱས་ནས་ཤེས་པ་བྱ་རྒྱུ་གལ་ཆེ་ཤོས་རེད། ཅེས་བཀའ་སློབ་ཕེབས་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་སྔ་དྲོའི་ཆོས་འབྲེལ་སྐབས་དད་ལྡན་མང་ཚོགས་ལ་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་ཡང་སྩལ་ཡོད་འདུག