༢༠༡༤ ཟླ་ ༡ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༡ རེས་གཟའ་སྤེན་པའི་ཉིན་ཡུན་ནན་རྒྱལ་ཐང་རྫོང་དུ་མེ་སྐྱོན་བྱུང་སྟེ་དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་བྱུང་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། གོང་ཚེས་ཉིན་གྱི་སྔ་དྲོ་ཡུན་ནན་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་དུ་མེ་སྐྱོན་བྱུང་སྟེ་གནའ་བོའི་དངོས་རྫས་མང་པོ་མེར་ཚིག་ཡོད་པ་དང་། སྡོད་ཁྱིམ་ ༣༠༠ བརྒལ་བར་མེ་སྐྱོན་བྱུང་ཡང་མི་ལ་གནོད་སྐྱོན་བྱུང་མི་འདུག
ད་ཆ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་སུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་ཐང་དུ་མེ་སྐྱོན་བྱུང་བའི་གནས་དོན་དང་འབྲེལ་བའི་སྐོར་གསུང་དོན། རྒྱལ་ཐང་རྫོང་དུ་མེ་སྐྱོན་འོག་གོད་ཆག་ཚབས་ཆེ་བྱུང་བར་བློ་ཕམ་དང་ཧ་ཅང་སེམས་འཚབ་ཆེན་པོ་བྱུང་། ངས་བོད་ཀྱི་གནའ་བོའི་གྲོང་ཁྱེར་དེ་གང་མྱུར་ཐོག་བོད་མིའི་གནའ་བོ་ལུགས་སྲོལ་ལྟར་སླར་གསོ་གནང་དགོས་པའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། ལྷག་པར་གྲོང་ཁྱེར་སླར་གསོའི་བརྒྱུད་རིམ་སྐབས་དྲང་བདེན་དང་ཕྱོགས་ལྷུང་བྲལ་བའི་སྒོ་ནས་བསྐྱར་གསོ་བྱེད་དགོས།
ཕྱི་ལོ་ ༢༠༡༠ ལོར་བོད་ཁམས་ཡུལ་ཤུལ་སྐྱེ་རྒུ་མདོའི་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཤུགས་ཆེ་བྱུང་རྗེས་ཁུལ་དེར་གྲོང་ཁྱེར་སླར་གསོའི་སྐབས། རྒྱ་ནག་གཞུང་གིས་དཔོན་རིགས་ཚོས་འཛེམ་ཟོན་མེད་པར་ཁྲིམས་འགལ་ཐོག་ནས་བོད་པའི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། ས་གནས་བོད་མི་རྣམས་ཀྱིས་ཞི་རྒོལ་བྱས་ཡོད་པ་མ་ཟད། བོད་པའི་བུད་མེད་གཅིག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་བྱས་ཡོད། .ཅེས་གསུངས་འདུག
སྤྱིར་གྲོང་ཁྱེར་དེ་མི་ལོ་ ༡༣༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བོད་མི་རིགས་ཀྱི་རིག་གནས་དང་གནའ་བོའི་ཇ་ཚོང་གི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། འཛམ་གླིང་ཐོག་ཆེས་ཆེ་ཤོས་ཀྱི་ནང་པའི་འཁོར་ཆེན་ཡང་གནས་དེར་ཡོད་སྟབས། རྒྱ་གཞུང་གིས་གནའ་བོའི་གྲོང་ཁྱེར་གྱི་མིང་ཐོག་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་བ་གལ་ཆེན་ཞིག་ཏུ་བརྒྱུད་བསྒྲགས་དང་། གྲོང་ཁྱེར་ཡོངས་སུ་འཛུགས་སྐྲུན་ཤུགས་ཆེན་བྱེད་བཞིན་ཡོད་འདུག
ཐེངས་འདིའི་མེ་སྐྱོན་ཁྲོད་ཐང་ག་སོགས་ནང་པའི་རིག་གནས་སྒྱུ་རྩལ་གྱི་ཐོན་རྫས་མང་པོ་མེར་ཚིག་པ་ཧ་ཅང་ཚབས་ཆེན་ཡིན་པ་དང་། ཁྱོན་རྒྱ་སྒོར་དུང་ཕྱུར་ ༡ ཙམ་གྱི་དཔལ་འབྱོར་གྱོང་གུད་ཐེབས་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག