༢༠༡༤ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་འཐུད་པ་་དྲུང་འཕར་དཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༩ ཉིན་བཏང་གནས་ནང་འཁོད་དོན། རེས་གཟའ་སྤེན་པའི་ཉིན་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་རྒྱ་རིགས་གཞོན་སྐྱེས་ཁག་གཅིག་དང་མཉམ་དུ་བོད་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད། བོད་ཀྱི་དངོས་ཡོད་གནས་སྟངས་རྒྱུས་མངའ་ཡག་པོ་ཡོད་མཁན་རྒྱ་རིགས་ཤེས་ཡོན་ཅན་གྱིས། རྒྱ་རིགས་ལ་བོད་ཀྱི་གནས་སྟངས་འགྲེལ་བརྗོད་བྱེད་རྒྱུ་དེ་ནི་རྒྱ་རིགས་ཚོས་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྒྱུར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་དེ་གོ་སྒྲིག་ཞུས་པ་ཞིག་ཡིན།
《༡༩༥༩ ལོའི་ལྷ་ས།》དང་། 《ལྕགས་བྱི་དགུང་དུ་འཕུར་སྐབས།》ཞེས་པའི་དེབ་ཀྱི་རྩོམ་པ་པོ་རྒྱ་རིགས་ལི་ཅང་ལིན་དང་། བོད་སྐོར་རྩོམ་ཡིག་སྣེ་མང་སྤེལ་མྱོང་མཁན་རྒྱ་རིགས་རྩོམ་པ་པོ་ཏིང་དབྱི་ཕུ་གཉིས་ནས་བཞུགས་མོལ་ཚོགས་འདུའི་ཐོག་རྒྱ་རིགས་གཞོན་སྐྱེས་རྣམས་ལ་བོད་སྐོར་ངོ་སྤྲོད་གནང་ཡོད། དེ་ཡང་ཁོང་གཉིས་ཀྱིས། ཕྱི་ལོ་ ༢༠༡༣ ལོར་ཨ་མདོ་རྔ་པ་དང་། མཚོ་སྔོན། ཁམས་དཀར་མཛེས་བཅས་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་སྐབས་དངོས་སུ་མཐོང་བའི་གནས་ཚུལ་ངོ་སྤྲོད་ཀྱི་ལམ་ནས་ད་ལྟའི་བོད་ནང་གི་གནས་སྟངས་འགྲེལ་བརྗོད་གནང་སྐབས།
༡༽དགོན་སྡེ་ཁག་ནང་ཆོས་བྱེད་པའི་རང་དབང་མེད་པ། ༢༽མི་མང་གི་རྣམ་འགྱུར་ནས་སེམས་ནང་སྡུག་བསྔལ་ཡོད་ཀྱང་། ཤོད་ས་མེད་པ། ༣༽དགོན་སྡེ་གྲྭ་ཚང་དང་སྒེར་པ་ཚོས་དཀའ་ཉེན་ལ་མ་འཛེམ་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་གསང་བའི་ཐོག་ནས་སྒྲིག་གཤོམ་བྱེད་ཀྱི་ཡོད་པ་འདིས་ཁོང་ཚོའི་བློ་སེམས་གཏད་ཕྱོགས་འགྱུར་བ་ཕྱིན་མེད་པ། ༤༽ཁོང་གཉིས་ས་ཁུལ་གཅིག་ཏུ་སླེབས་སྐབས་གྲོང་ཚོ་མི་རེ་ངོ་རེའི་ནང་མངགས་གཏོང་ཁང་བཙུགས་ཡོད་པ་སོགས་དངོས་མཐོང་གནས་ཚུལ་དེ་དག་གི་ཐོག་ནས། གཞིས་ལུས་བོད་མིའི་ད་ལྟའི་གནས་སྟངས་གང་འདྲ་ཡིན་པ་ཧ་ཅང་གི་གསལ་པོ་མངོན་ཐུབ་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ད་དུང་ཁོང་གཉིས་ཀྱིས། ལོ་རབས་ལྔ་བཅུ་པའི་སྨད་ནས་འགོ་བཙུགས་ཏེ་རྒྱ་གཞུང་གིས་ཆབ་སྲིད་ལས་འགུལ་སྣ་ཚོགས་སྤེལ་ནས་བོད་མིར་བསུན་གཙེར་གང་འདྲ་བཟོས་པའི་སྐོར་ཡང་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་རིགས་ལས་བྱེད་པ་ད་ལྟ་ལས་གནས་ཐོག་ཡོད་པ་དང་། རྒལ་ཡོལ་དུ་ཕྱིན་ཟིན་པ་རྣམས་ལ་ཡང་དམ་བསྒྲགས་བྱེད་ཀྱི་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད།
མཇུག་ཏུ་རྩོམ་པ་པོ་ཏིང་དབྱི་ཕུ་གིས། ཁོང་རང་ཉིད་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་འབྲས་སྤུངས་དགོན་པ་དང་། བཞུགས་སྒར་རྡ་རམ་ས་ལར་སྐོང་ཚོགས་གནང་བའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་༢༦དང་། ཐེངས་༢༧ལ་མཉམ་ཞུགས་གནང་སྐབས། སྙན་གྲགས་ཅན་གྱི་ཚན་རིག་པ་ཚོས་བོད་ཀྱི་ནང་ཆོས་ཀྱི་ཚན་རིག་དང་། ལྟ་གྲུབ་ལ་དོ་སྣང་གང་འདྲ་བྱེད་ཀྱི་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད། ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་རྒྱ་རིགས་རྣམས་ལ་གསུང་བཤད་གནང་སྐབས། བོད་ནང་གི་བོད་མི་ཚོས་ལོ་རབས་༨༠དང་། ཕྱི་ལོ་༢༠༠༨ ལོར་རྒྱ་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༢༠ ལྷག་ཙམ་གྱིས་རང་ལུས་མེར་སྲེག་ལམ་ནས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་དེས། རྒྱ་ནག་གཞུང་གིས་འདས་པའི་ལོ་ ༦༠ ནང་བོད་ཐོག་འཛིན་པའི་སྲིད་བྱུས་ཕམ་ཉེས་སུ་ཕྱིན་ཡོད་པ་གསལ་སྟོན་བྱས་ཡོད་སྐོར་གསུངས་ཡོད། དེ་ནས་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱ་གཉིས་སྨན་གྱི་སྲིད་བྱུས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་རྒྱ་ནག་ནས་ཁ་བྲལ་འགྲོ་མི་དགོས་པར་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད། རྒྱ་རིགས་རྩོམ་པ་པོས་རྒྱ་རིགས་གཞོན་སྐྱེས་ལ་བོད་དོན་ངོ་སྤྲོད་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་ནི་དྲྭ་རྒྱའི་རྩོམ་པ་པོ་སྐུ་ཞབས་སྦའེ་ཕུང་གིས་གཙོ་སྐྱོང་གནང་ཞིང་། རྒྱ་རིགས་གཞོན་སྐྱེས་ཉི་ཤུ་ཙམ་བཞུགས་མོལ་ཚོགས་འདུར་མཉམ་ཞུགས་གནང་ཡོད། ཚོགས་འདུ་གྲུབ་མཚམས། བཞུགས་མོལ་ཚོགས་འདུར་མཉམ་ཞུགས་གནང་མཁན་རྒྱ་རིགས་ཁག་གཅིག་གིས། རྩོམ་པ་པོ་གཉིས་ནས་བོད་ནང་བསྐྱོད་པའི་གནས་ཚུལ་དངོས་ངོ་སྤྲོད་གནང་བ་དེས་ཕན་ཐོགས་ཆེན་པོ་བྱུང་བ་དང་། ཚོགས་འདུ་དེ་རིགས་མང་ཙམ་གོ་སྒྲིག་གནང་དགོས་པའི་བསམ་ཚུལ་ཞུ་མཁན་བྱུང་། བོད་དོན་ལ་དོ་སྣང་ཡོད་མཁན་རྒྱ་རིགས་རོ་སི་ཐང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཚོགས་འདུ་འདི་ལྟ་བུས་གནས་ཚུལ་ཤེས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་། གུས་མོ་ནི་རྒྱ་ནག་ཏུ་སྐྱེས་ཤིང་། རྒྱ་ནག་ཏུ་འཚར་ལོངས་བྱུང་བའི་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་བོད་ཀྱི་བྱུང་རབས་ལོ་རྒྱུས་དང་། བོད་མིའི་དཀའ་སྡུག་གི་དངོས་ཡོད་ལོ་རྒྱུས་རྣམས་ཤེས་པ་བྱས་ནས་རང་ཉིད་ཀྱི་ནང་མི་དང་། ངོ་ཤེས་གྲོགས་པོ་ནས་འགོ་བཙུགས་ཏེ་བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱེད་རྒྱུ་དང་། བོད་རྒྱ་མི་རིགས་གཉིས་ཀྱི་དབར་ལ་འབྲེལ་བ་ཡང་ཡང་བྱེད་རྒྱུ་དེ་གལ་ཆེན་པོར་རྩི་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་འདུག་པ་བཅས།